ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

བོད་ཀྱི་སློབ་གསོ་བ་ཆེན་མོ་བཀྲ་ཤིས་ཚེ་རིང་ལགས་ཚེས ༨ ཉིན་ལྷ་ས་ནས་སྐུ་གཤེགས།

2014-12-10 མང་མཁར་བློ་ཕུན།
  དྲ་བའི་ཐོག་ནས་ཤེས་རྟོགས་དང་ར་འཕྲོད་བྱུང་བའི་གནས་ཚུལ་ལ་གཞིགས་ན། སྤྱི་ཟླ ༡༢ པའི་ཚེས ༨ ཉིན་བོད་ཀྱི་ཉེ་དེང་ལོ་རྒྱུས་ཀྱི་ཚབ་མཚོན་རང་བཞིན་གྱི་མི་སྣ།《སྐད་གསུམ་ཚིག་མཛོད་གསར་པ》སྒྲིག་པ་པོ། བོད་ཀྱི་སློབ་གསོའི་ལས་དོན་ལ་ཕྱག་རྗེས་སུབ་ཏུ་མེད་པ་འཇོག་པར་མཛད་མཁན་སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་དགུང་ལོ ༨༥ ཡི་ཐོག་ལྷ་སར་སྐུ་གཤེགས་འདུག
  བཀྲ་ཤིས་ཚེ་རིང་ལགས་ནི ༡༩༢༩ ལོར་གཙང་རྣམ་གླིང་རྫོང་གི་དབུལ་པོའི་ཁྱིམ་ཚང་ཞིག་ཏུ་འཁྲུངས་པ་དང་དགུང་ལོ ༡༠ པའི་ཐོག་ཁྲལ་པའི་ལས་དབང་དང་བསྡེབས་ནས་ལྷ་སར་བཀའ་ཤག་སྲིད་གཞུང་གི་ནང་མའི་འཁྲབ་སྟོན་པར་བཀུག་པ་དང་གར་པ་མཚོ་ཆེན་ཟློས་གར་ཚོགས་པའི་སློབ་མ་ཞིག་ཏུ་གྱུར་པ་རེད། དགུང་ལོ ༡༣ ལོར་ཕ་ཡུལ་དུ་ལོག་ནས་དེ་གའི་སྒེར་བཙུགས་སློབ་གྲྭ་ཞིག་ཏུ་རང་ཅག་བོད་ཀྱི་སྐད་ཡིག་ལ་སྦྱང་པ་གནང་བ་དང་ཕྱིར་ལྷ་སར་སླེབས་རྗེས་བཀའ་ཤག་སྲིད་གཞུང་གི་གཉེར་གཡོག་རྒྱུགས་ཀྱིན་བསྡད། ༡༩༥༧ ལོར་སྟེས་དབང་གི་གོ་སྐབས་ཤིག་གིས་རྒྱ་གར་དུ་ཚོང་རྒྱག་པར་འགྲོ་ཐུབ་པ་བྱུང་ཞིང་སྐབས་དེ་ནས་བཟུང་དབྱིན་ཡིག་གཙོས་ནུབ་གླིང་གི་རིག་གནས་སྤྱི་དང་བྱེ་བྲག་ལ་སྦྱང་བརྩོན་བྱེད་འགོ་བརྩམས་ཤིང་ཕྱིས་སུ་ཨ་རིར་ཕེབས། ༡༩༦༤ ཁོང་གིས་ཕ་ཡུལ་བོད་ཀྱི་གནས་བབ་ལ་རྒྱང་གཟིགས་དང་དེའི་རྗེས་ལུས་ཀྱི་རྣམ་པར་འགྱུར་བ་གཏོང་སླད་རང་དབང་དང་། ཡར་རྒྱས། དཔལ་ཡོན་གྱི་ཕུགས་འདུན་ཞིག་ལ་སྙེག་ཕྱིར་ཨ་རིར་ཡོད་པའི་གྲོགས་པོ་ཚོའི་ཁ་ཏར་མ་ཉན་པར་ཕྱིར་རང་ཡུལ་དུ་ལོག་ཕེབས་ཤིང་བོད་ལྗོངས་མི་རིགས་སློབ་གླིང་གི་སྒོ་ཐེམ་འཛུལ་ནས་དེ་གར་སློབ་གསོའི་ཕྱག་ལས་གཉེར། སྐབས་དེར་ཀྲུང་གོའི་དུས་བབ་ཟང་ཟིང་དང་ཆབ་སྲིད་ཀྱི་མཁའ་དབུགས་སྟུག་པོའི་ཁྲོད་དུ་ཁོང་ཉིད་ལོ་ངོ ༦ རིང་བཙོན་དུ་ཚུད་པ་དང་སྤྱི་ལོ ༡༩༧༣ ལོར་ད་གཟོད་གློད་གྲོལ་ཐོབ།
  ༡༩༨༢ ལོར་བོད་ལྗོངས་སུ་ལས་གནས་སྤར་བ་དང་སྔར་བཞིན་སློབ་གསོའི་ལས་དོན་ལ་ནུས་པ་གང་ཡོད་འདོན་གྱིན་བཞུགས་པ་རེད། ༡༩༨༥ ལོར་ཁོང་གིས་ལྷ་སར་ལས་ཞོར་དབྱིན་ཡིག་གསབ་སྦྱོང་འཛིན་གྲྭ་ཞིག་བཙུགས་པ་དང་བོད་ལྗོངས་སུ་དབྱིན་སྐད་ཀྱི་ཡུལ་སྐོར་སྣེ་ཤན་པ་དང་མགྲོན་ཁང་གི་ཞབས་ཞུ་བ་སྐོར་ཞིག་གསོ་སྐྱོང་མཛད། སྐབས་དེར་རང་ཉིད་ཕྱིན་ཆད་ཀྱི་དགེ་སྒྲུབ་ལས་འགུལ་སྤེལ་རྒྱུར་མཁོ་བའི་མ་དངུལ་ཡང་མི་ཉུང་བ་གསོག་འཇོག་གནང་ཡོད།
  དུས་རབས ༢༠ པའི་ལོ་རབས ༨༠ པའི་ནང་ཕ་ཡུལ་གྱི་སློབ་གྲྭ་ཁག་ལ་གོད་ཆག་ཚབས་ཆེན་བྱུང་བའི་རྐྱེན་གྱིས་ས་དེ་གའི་སློབ་མ ༡༠༠ ལྷག་ལ་སློབ་གཉེར་བྱེད་སའི་མཐུན་རྐྱེན་མེད་པར་གཟིགས་ནས་ཁོང་ཉིད་ཀྱིས་མ་དངུལ་ཡོད་ཚད་བཏོན་གནང་སྟེ་ས་དེ་གར་སློབ་གྲྭ་འཛུགས་རྒྱུའི་དགོངས་བཞེས་རྙེད། ༡༩༩༠ ལོའི་ཟླ ༧ པའི་ཚེས ༡༡ ཉིན་སློབ་གྲྭ་གསར་འཛུགས་ཀྱི་ལས་འགོ་ཚུགས་པ་དང་སློབ་མ་བརྒྱ་ལྷག་གི་ཟས་གོས་དང་སློབ་སྦྱོང་གི་མཐུན་རྐྱེན་སྦྱར་ཞིང་སློབ་མ་ཕལ་ཆེ་བ་བདེ་བླག་ངང་རྫོང་སློབ་ཆུང་གི་ལོ་རིམ་ལྔ་པར་འཕར་ཐུབ་པ་བྱུང་བ་དང་དེ་དག་ལས་ཤི་ལོག་ཚེ་རིང་སོགས་སློབ་མ་འགའ་ཕུལ་བྱུང་གི་སྦྱང་འབྲས་ལ་བརྟེན་ནས་ནང་སའི་སློབ་གྲྭ་ཁག་ཏུ་ཚུད་ཡོད།
  རྒྱུ་བཟང་པོར་འབྲས་བུ་བཟང་པོ་འབྱུང་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་ཡང་དག་པའི་བྱ་གཞག་དེར་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་བ་ཚོར་ནས་ཁོང་ཉིད་ཀྱི་དགེ་སྒྲུབ་སྤྱི་ཕན་གྱི་བྱ་གཞག་ལ་སྔར་བས་སྒུལ་ཤུགས་བྱིན་པ་དང་སྤྱི་ལོ ༡༩༩༢ ལོར་སྒོར ༣༠༠༠༠ གྱི་མ་དངུལ་བཏང་ནས་རང་ཉིད་ཀྱི་ཕ་ཡུལ་དུ་སླར་ཡང་སློབ་གྲྭ་གསར་རྒྱག་གི་བྱ་གཞག་རླབས་པོ་ཆེར་ཞུགས་གནང་ཞིང ༡༩༩༧ ལོ་བར་ཕ་ཡུལ་གྱི་ཡུལ་ལུང་གང་སར་སློབ་གྲྭ་ཁྱོན ༣༠ གསར་འཛུགས་གནང་བ་རེད། ཁོང་ཉིད་ཀྱི་མི་ཚེ་གང་པོ་བོད་ཀྱི་སློབ་གསོའི་བྱ་གཞག་དོན་དུ་ལེགས་སྐྱེས་ཕུལ་ཡོད།(རྩོམ་འགན་པ། སྒྲོལ་ཚེ)
འབྲེལ་ཡོད་རྩོམ་ཡིག