གསུང་རབ་བརྩམས་ཆོས།
ཟླ ༢ པར། པོད ༢༢༥ དང་ཤིང་པར་ཁྲི ༧.༨ ཀྱི་བདག་ཉིད་ཅན་གྱི་སྣར་ཐང་པར་མའི《བསྟན་འགྱུར》གྱི་ཤིང་པར ༢༠༥ གསར་བརྐོས་ཀྱི་ལས་དོན་ལེགས་འགྲུབ་བྱུང་ཞིང་། ལྷག་འཕྲོས་པོད ༢༠ ཚོད་དཔག་ལྟར་ན ༢༠༡༥ ལོར་ལེགས་འགྲུབ་འབྱུང་རྩིས་ཡོད་འདུག
ཟླ ༣ པར། “བོད་ཀྱི་ཆོས་ལུགས་ལོ་རྒྱུས་རིག་གནས་དཔེ་ཚོགས”དེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་གནང་། དཔེ་ཚོགས་དེ་ནི《བོན་ཆོས》དང་། 《རྙིང་མ་པ》《བཀའ་བརྒྱུད་པ》《བཀའ་གདམས་པ》《ཞི་བྱེད་པ》《ཇོ་ནང་པ》《ས་སྐྱ་བ》《དགེ་ལུགས་པ》སོགས་གྲུབ་མཐའ་བརྒྱད་འདུས་པའི་བདག་ཉིད་ཅན་ཞིག་རེད།
ཟླ ༥ པར། སོག་ཡིག་གི་ནང་བསྟན་གསུང་རབ《བཀའ་བསྟན་འགྱུར》མྱུར་སྐྱོབ་རང་བཞིན་གྱི་བརྙན་དཔར་པར་སྐྲུན་ལས་གཞི་ལེགས་འགྲུབ་བྱུང་། རྒྱུས་ལོན་ལྟར་ན། སོག་ཡིག་གི《བཀའ་བསྟན》ནི《ཀྲུང་ཧྭ་བཀའ་བསྟན་ཆེན་མོའི》སོག་ཡིག་པར་མ་སྟེ། པོད་བཞི་བརྒྱ་ཡོད་ཅིང་། ནང་བསྟན་མ་ཟད་པའི་མཚན་ཉིད་རིག་པ་དང་། ལོ་རྒྱུས། གསོ་རིག་སོགས་ཁྱབ་ཁོངས་སོ་སོ་འདུས་པའི་གནའ་དཔེ་ཀུན་བཏུས་ཤིག་རེད། དེའི་ནང《བཀའ་འགྱུར》ལ་པོད་བརྒྱ་དང་དགུ 《བསྟན་འགྱུར》པོད་ཉིས་བརྒྱ་ལྔ་བཅུ། 《རྗེ་ཙོང་ཁ་པའི་གསུམ་འབུམ》པོད་ཉི་ཤུ།《ངག་དབང་ཆོས་ལྡན་གྱི་གསུང་འབུམ》པོད་ལྔ། 《གཏེར་མའི་གསུང་འབུམ》པོད་ཞེ་གཅིག་དང་བརྩམས་ཆོས་ལྔ་བརྒྱ་ལྷག་ཡོད།
ཟླ༨པར། མུའུ་ཀྲུང་ཅན་དང་ཀྲང་ཅན་གཉིས་ཀྱིས་མཉམ་དུ་རྩོམ་གནང་མཛད་པའི《ཀྲུང་གོའི་ཆོས་ལུགས་ལོ་རྒྱུས》(བཟོ་བཅོས་པར་མ། སྟོད་སྨད)ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དཔེ་སྐྲུན་ཁང་ནས་པར་སྐྲུན་གནང་།
རིག་གཞུང་སྡེ་ཚན།
ཟླ ༢ པར། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག་ཁང་བཙུགས། རྒྱུས་ལོན་ལྟར་ན། ཞིབ་འཇུག་ཁང་དེ་ནི་རང་རྒྱལ་གྱི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག་ཁང་ཐོག་མར་ཆགས་ཡོད་དེ། ཏ་ལའི་ལོ་མའི་ཆོས་དཔེ་སྔོག་འདོན་དང་མྱུར་སྐྱོབ། དག་སྒྲིག ལོ་ཙཱ་བཅས་བགྱིས་ནས་རིམ་པ་བཞིན་དུ་ལོ་ངོ་སྟོང་ཕྲག་དུ་མའི་རིང་བཤེས་གཉེན་དམ་པ་དག་གིས་ཤིང་ཏ་ལའི་ལོ་མའི་སྟེང་ལེགས་སྦྱར་ཡི་གེས་བྲིས་པའི་ཆོས་དཔེར་ཞིབ་འཇུག་གནང་རྒྱུ་རེད། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་འགོ་གཙོ་ཟུར་པ། ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག་ཁང་གི་འགན་འཛིན་པ་འབྲོང་བུ་ཚེ་རིང་རྡོ་རྗེས་ཏ་ལའི་ལོ་མའི་ཆོས་དཔེར་ཞིབ་འཇུག་གནང་པ་དེས་ནང་བསྟན་དང་། བོད་རིག་པ། ནང་བསྟན་ལོ་རྒྱུས། ནང་བསྟན་ལྡེབས་བྲིས། གནའ་བོའི་རྒྱ་གར་རིག་གནས། ཀྲུང་གོ་དང་རྒྱ་གར་བར་གྱི་རིག་གནས་འབྲེལ་འདྲིས་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱེད་པར་དགེ་མཚན་ཆེན་པོ་ལྡན་ཞེས་གསུངས།
ཟླ ༥ པར། ཧེ་ལུང་ཅང་ཞིང་ཆེན་ཀྲུང་ཧྭའི་རིག་གནས་སྐུལ་སྤེལ་ཚོགས་པའི་ནང་བསྟན་རིག་གནས་ལྟེ་གནས་བཙུགས། རྒྱུས་ལོན་ལྟར་ན། ལྟེ་གནས་དེ་ག་བཙུགས་རྗེས་ནང་བསྟན་གསུང་རབ་ཞིབ་འཇུག་ལེགས་སྒྲིག་དང་། ནང་བསྟན་རྒྱུན་སྤྱོད་དཔེ་དེབ་པར་སྐྲུན། ནང་བསྟན་སྒྱུ་རྩལ་དར་སྤེལ། འགྲེམ་སྟོན་ཆེ་གྲས་བཅས་ཀྱི་ལས་རིམ་སྤེལ་རྒྱུ་དང་། “ཀྲུང་ཧྭའི་ནང་བསྟན་རིག་གནས་གླེང་སྟེགས།”ནང་བསྟན་རོལ་དབྱངས། ཞབས་བྲོ། རི་མོ་སོགས་རྒྱལ་ཁབ་ཕྱི་ནང་གི་བྱེད་སྒོ་ཆེ་གྲས་རིགས་ཀྱང་སྤེལ་རྒྱུ་རེད།
ཟླ ༡༠ པར། ཀྲུང་ཧྭའི་རིག་གནས་སྐུལ་སྤེལ་ཚོགས་པའི་ནང་བསྟན་རིག་གནས་ལྟེ་གནས་མཚོ་སྔོན་པོའི་ནང་བསྟན་སྒྱུ་རྩལ་ཞིབ་འཇུག་ཁང་བཙུགས། རྒྱུས་ལོན་ལྟར་ན། ཞིབ་འཇུག་ཁང་དེས་ནང་བསྟན“བཟོ་བཞེངས་སྒྱུ་རྩལ”རྒྱུད་འཛིན་དང་། ལོ་རྒྱུས་སྟེང་གི་ནང་བསྟན་བཟོ་རྩལ་ཤུལ་བཞག་རྩ་ཆེན་བསྐྱར་གསོ་དར་སྤེལ། དེང་རབས་ལྷ་སྐུ་གསར་བཞེངས་དང་གཟིགས་དཔྱད་བཅས་ཀྱི་ལས་གཙོ་བོར་བསྒྲུབ་རྒྱུ་རེད།
རིག་གཞུང་ཚོགས་འདུ།
ཟླ ༤ པར། ཀྲུང་དབྱང་མི་རིགས་སློབ་ཆེན་དང་རྒྱལ་སྤྱིའི་རུའུ་ལུགས་རིག་པའི་མཉམ་འབྲེལ་ཚོགས་པ་སོགས་ལས་ཁུངས་ཀྱིས་པེ་ཅིང་དུ“བྱམས་བདེན་རིག་པ་གསར་པ་དང་རུའུ་ལུགས་རིག་པ་གསར་གཏོད”ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས། རྒྱལ་ནང་གི་སློབ་ཆེན་དང་ཞིབ་འཇུག་སྡེ་ཚན་གཙོ་གྲས་ཀྱི་མཁས་པ ༥༠ ལྷག་གིས“བྱམས་བདེན་རིག་པའི་བྱུང་འཕེལ” “དེང་རབས་རུའུ་ལུགས་རིག་པ་གསར་པའི་བསམ་གཞིགས” “བྱམས་བདེན་རིག་པ་གསར་པའི་དགོངས་དོན་གྱི་རྩ་བའི་བསམ་ཕྱོགས་དང་བརྗོད་གཞི”“བྱམས་བདེན་རིག་པ་གསར་པ་དང་དེང་རབས་མི་ཆོས་རིང་ལུགས”སོགས་བརྗོད་བྱར་བཟུང་ནས་བགྲོ་གླེང་མཛད།
ཟླ ༦ པར། ཀྲུང་གོའི་ཆོས་ལུགས་རིག་པའི་ཚོགས་པས་གཙོ་སྒྲུབ་མཛད་ཅིང་། ནུབ་བྱང་སློབ་ཆེན་གྱིས་རོགས་སྒྲུབ་མཛད་པའི“ཆོས་ལུགས་དང་དར་གོས་གནའ་ལམ”གྱི་མཐོ་རིམ་གླེང་སྟེགས་དང ༢༠༡༤ ལོའི་ཀྲུང་གོའི་ཆོས་ལུགས་རིག་པའི་ལོ་འཁོར་ཚོགས་འདུ་ཞི་ཨན་དུ་བསྡུས། རྒྱལ་ནང་གི་འབྲེལ་ཡོད་ཞིབ་འཇུག་སྡེ་ཚན་གྱི་ཆེད་མཁས ༨༠ ལྷག་མཉམ་འདུས་སྒོས“དར་གོས་གནའ་ལམ་དང་ཆོས་ལུགས་རིག་གནས་རྒྱུད་སྤེལ” “ཆོས་ལུགས་ཁ་བརྡ་དང་དཔལ་ཡོན་འབྲེལ་འདྲིས”“ཆོས་ལུགས་དང་ཀྲུང་གོའི་རིག་གནས་འཕེལ་རྒྱས་འཐབ་ཇུས”སོགས་བརྗོད་གཞིར་བཟུང་ནས་བགྲོ་གླེང་མཛད། རྒྱུས་ལོན་ལྟར་ན། ༢༠༡༥ ལོའི་ཀྲུང་གོའི་ཆོས་ལུགས་རིག་པའི་ཚོགས་པའི་ལོ་འཁོར་ཚོགས་འདུ་ཡུན་ནན་ཁུན་མེན་ནས་འཚོག་འཆར་འདུག
ཟླ ༨ པར། ཀྲུང་གོའི་ཡེ་ཤུའི་ཆོས་ལུགས་རྒྱལ་གཅེས་བྱེད་སྒོ་ཨུ་ལྷན་བཙུགས་ནས་ལོ ༦༠ འཁོར་པ་དང“ཡེ་ཤུའི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཞིབ་འཇུག་བགྲོ་གླེང་ཚོགས་འདུ”ཧྲང་ཧེ་ནས་བསྡུས། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་ཝང་ཙོ་ཨན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། རྒྱལ་ནང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཁས་པས“ཡེ་ཤུའི་ཆོས་ལུགས་ཀྲུང་གོ་ཅན”“ཀྲུང་གོའི་ཡེ་ཤུའི་ཆོས་ལུགས་དང་ཀྲུང་གོའི་རིག་གནས”“ཡེ་ཤུའི་ཆོས་ལུགས་ཀྱིས་ཀྲུང་གོའི་སྤྱི་ཚོགས་ཁྲོད་ཐོན་པའི་ནུས་པ”“ཆོས་ཚོགས་འཛུགས་སྐྲུན་དང་ལྷའི་རིག་པའི་བསམ་བློ་འཛུགས་སྐྲུན”སོགས་ཀྱི་བརྗོད་གཞིར་བགྲོ་གླེང་མཛད།
ཟླ ༡༠ པར། “ནང་བསྟན་དང་སྤྱི་ཕན་བྱམས་བརྩེ”བརྗོད་གཞི་བྱས་པའི་སྐབས ༢༧ པའི་འཛམ་གླིང་ནང་བསྟན་མཐུན་འབྲེལ་ཚོགས་ཆེན་ཧྲན་ཞི་པའོ་ཅི་ནས་འཚོགས། རྒྱལ་ནང་གི་སློབ་ཆེན་དང་ཚན་ཞིབ་སྡེ་ཚན་གྱི་མཁས་དབང་བརྒྱ་ཕྲག་ལྷག་གིས“ནང་བསྟན་གྱི་བྱམས་སྙིང་རྗེ་དང་དེང་རབས་རིན་ཐང”“ཀྲུང་གོའི་ནང་བསྟན་གྱི་བྱམས་སྙིང་རྗེ་དང་དེང་རབས་ཀྱི་ལག་ལེན”“ནང་བསྟན་དང་བྱམས་སྙིང་རྗེ”སོགས་ཀྱི་བརྗོད་གཞིར་བགྲོ་གླེང་གནང་པ་དང་། དེའི་རིང“ཀྲུང་གོའི་ནང་བསྟན་དང་སྤྱི་ཕན་བྱམས་སྙིང་རྗེ་འགྲེམ་སྟོན”སྤེལ་བ་མ་ཟད། 《པའོ་ཅིའི་བསྒྲགས་གཏམ》སྤེལ།
ཟླ ༡༡ པར། ཝུའུ་ཧན་སློབ་ཆེན་མཚན་ཉིད་རིག་པའི་སློབ་གླིང་དང་། ཐེ་ཝན་ཧྥུ་རིན་སློབ་ཆེན་གནམ་བདག་ཆོས་ལུགས་རིག་གཞུང་ཞིབ་འཇུག་ལྟེ་གནས། དབྱི་ཐ་ལིའི་ལི་མ་ཌི་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་མཛད་ཅིང་། ཝུའུ་ཧན་སློབ་ཆེན་མཚན་ཉིད་རིག་པའི་སློབ་གླིང་ཆོས་ལུགས་སློབ་ཁྲིད་ཚན་ཁག་གིས་རོགས་སྒྲུབ་མཛད་པའི“ཐོ་མ་སི་ཨ་ཁེའུ་ནཱའི་གསར་གཏོད་གཞུང་ལུགས”“ཐོ་མ་སི་ཨ་ཁེའུ་ནཱ་དང་གཞི་མེད་སྨྲ་བ”“ཐོ་མ་སི་ཨ་ཁེའུ་ནཱ་དང་ཉེ་རབས་ནུབ་ཕྱོགས་མཚན་ཉིད་རིག་པ”“ཐོ་མ་སི་ཨ་ཁེའུ་ནཱའི་གཟུགས་ཉིད་མཛེས་དཔྱོད་རིག་པ”སོགས་ནས་བགྲོ་གླེང་གཏིང་ཟབ་གནང་།
“སྤྱོད་ལམ་རྣམ་དག་གི་སྒོ་ནས་གཞན་ཕན་དོན་དུ་གཉེར་པ”ཞེས་པའི་སྐབས་གསུམ་པའི་རྒྱལ་སྤྱིའི་ཏའོ་ལུགས་གླེང་སྟེགས་ཅང་ཞི་ཡུན་ཐན་ནས་བསྡུས་ཤིང་། གླེང་སྟེགས་དེ་ནི་ཀྲུང་གོའི་ཏའོ་ལུགས་མཐུན་ཚོགས་དང་ཀྲུང་ཧྭའི་ཆོས་ལུགས་འབྲེལ་འདྲིས་རིག་གནས་ཚོགས་པའི་གཙོ་སྒྲུབ་མཛད་ཅིང་། ཅང་ཞི་རྩ་འཛུགས་ཚོགས་པས་རོགས་སྒྲུབ་གནང་། རྒྱལ་ཁབ་དང་ས་གནས ༢༧ གྱི་ཆེད་མཁས་ཀྱིས་བགྲོ་གླེང་གཏིང་ཟབ་གནང་པ་དང་། ཚོགས་འདུའི་རིང《ལུང་ཧུའུ་རི་བོའི་བསྒྲགས་གཏམ》སྤེལ།(རྩོམ་འགན་པ། སྒྲོལ་ཚེ)