ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

དབང་ཆས་མི་རིགས་ཁྱབ་ཁོངས་སུ“རང་ཤེད”བྱ་མི་རུང་།

2015-03-16 ཨ་གུར།
   ཁོ་བོ་སྔོན་ཆད་ནུབ་བྱང་གི་ས་གནས་ཤིག་ཏུ་ཡོད་པའི་དབྱི་སི་ལན་གྱི་དགོན་པ་ཞིག་ལ་བརྟག་དཔྱད་དུ་སོང་མྱོང་།  དབྱི་སི་ལན་གྱི་དགོན་པ་དེའི་རྒྱ་སྒོ་རུ།  ང་ཚོ་དང་མཉམ་དུ་འགྲོ་བའི་ས་གནས་དེའི་དཔོན་པོ་ཞིག་གིས་ལྷམ་ཕུད་མི་དགོས་ཞེས་བཤད་ཅིང་།  ཁོའི་སྐད་མགོ་མཐོན་པོ་མཐའ་སྐོར་གྱི་མི་ཚང་མས་ཐོས་ཐུབ་པ་དེར་ཁོ་བོ་ཧ་ལས་པར་གྱུར།  དེ་ལས་ཀྱང་བསམ་ཡུལ་དུ་མི་ཤོང་བ་ཞིག་ནི།  ང་ཚོས་ད་དུང་ཅི་བྱེད་མ་ཤེས་པར་སྡོད་པའི་སྐབས་སུ།  རྒྱ་རིགས་མགོ་ཁྲིད་པ་དེས་ལྷམ་མ་ཕུད་པར་གོམ་ཆེན་སྤོ་བཞིན་དབྱི་སི་ལན་གྱི་དགོན་པའི་ནང་དུ་འཛུལ་སོང་།  རྒྱ་རིགས་མགོ་ཁྲིད་པ་དེའི་སྟབས་བདེའི་རྩུབ་སྤྱོད་དང་།  “མི་རིགས”དང་“ཆོས་ལུགས”མིག་ནང་དུ་མི་འཇོག་པའི་བྱ་སྤྱོད་དེ་ནི་མི་རིགས་ས་ཁུལ་དང་མི་རིགས་བྱ་བའི་ཁྱབ་ཁོངས་ཀྱི་“དབང་ཆའི་རང་ཤེད”ཀྱི་མངོན་སྟངས་ཁྱད་པར་བ་ཞིག་ཡིན་པ་གསལ་བོར་ཤེས།  
   ང་ཚོས་རྒྱུན་དུ་མི་རིགས་གནད་དོན་ནི་སྤྱི་ཚོགས་སྤྱིའི་གནད་དོན་གྱི་ཆ་ཤས་ཤིག་ཡིན་ཞེས་བཤད་ཀྱི་ཡོད་པ་རེད།  ང་ཚོས་“དབང་ཆ་ཡོད་ཀྱང་རང་ཤེད་བྱ་མི་རུང་”བ་གླེང་བའི་སྐབས་སུ།  མི་རིགས་ས་ཁུལ་ལམ་མི་རིགས་བྱ་བའི་ཁྱབ་ཁོངས་དང་ས་ཁུལ་གཞན་པའམ་བྱ་བའི་ཁྱབ་ཁོངས་གཞན་པར་རང་བཞིན་གྱིས་འདྲ་ས་ཕྱོགས་མང་པོ་ཡོད།  སྤྱི་ཚོགས་ནང་བྱུང་དང་འབྱུང་བཞིན་པའི“དབང་ཆའི་རང་ཤེད”ཀྱི་སྣང་ཚུལ་སྣ་ཚོགས་དེ་མི་རིགས་ས་ཁུལ་དང་མི་རིགས་བྱ་བའི་ཁྱབ་ཁོངས་སུའང་མངོན་གྱི་ཡོད་ཅིང་།  དེས་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་པའི་ཆ་ནས་དེར་ལྡན་པའི་སྤྱིར་བཏང་དང་ཐུན་མོང་གི་ནང་དོན་དང་ཁྱད་ཆོས་ཀྱང་མཚོན་གྱི་ཡོད།  
   འོན་ཀྱང་མི་རིགས་དང་མི་རིགས་བྱ་བར་ཡང་རང་གི་ཁྱད་ཆོས་ལྡན་ཞིང་།  “དབང་ཆའི་རང་ཤེད”ཁྱབ་ཁོངས་འདི་དག་ཏུ་བྱུང་བ་དང་མངོན་པ་ལའང་ཁྱད་ཆོས་གསལ་པོ་ལྡན།  ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱིས་ཕལ་ཆེར་ཟིན་པའི་ས་ཁུལ་ནི་རང་གི་ས་གནས་ཀྱི་མི་མིན་པའི་ཕྱི་འོང་རྒྱ་རིགས་ལས་བྱེད་པ་དག་ལ་མཚོན་ན།  ཁོ་ཚོར་ལྡན་ཞིང་བཀོལ་བཞིན་པའི་དབང་ཆ་ཟེར་བ་དེས་རྒྱལ་ཁབ་ཀྱི་འདུ་ཤེས་མཚོན་པར་མ་ཟད།  ད་དུང་གོང་རིམ་ནས་མངགས་ཡོང་བའི་མགོ་ཁྲིད་ལས་བྱེད་དང་།  ས་གནས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་དང་རིག་གནས་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་མཚོན་གྱི་ཡོད།  དེ་འདྲའི་མཐུན་སྦྱོར་དང་འབྲེལ་འདྲིས་དེ་འདྲ་མཉམ་གུ་ཡངས་ཀྱི་ཁོར་ཡིག་ཅིག་ཏུ་ཡོང་ཐུབ་མིན་དེ་མགོ་ཁྲིད་ལས་བྱེད་འདི་དག་གི་བྱ་སྤྱོད་དང་གཏམ་གླེང་ལ་འབྲེལ་བ་ཆེན་པོ་ཡོད་པ་རེད་ལ།  དེའི་མཇུག་འབྲས་ཀྱིས་ས་གནས་ཀྱི་གྲངས་ཉུང་མི་རིགས་ལས་བྱེད་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བྱེད་ཕྱོགས་ལ་རྒྱུས་ལོན་དང་ཤེས་རྟོགས་བྱེད་པར་ཤུགས་རྐྱེན་ཐེབས་ཀྱི་ཡོད།  ད་དུང་མགོ་ཁྲིད་ལས་བྱེད་འདི་དག་གིས་མཚོན་པའི་མི་རིགས“ཆེན་པོའི”རྒྱུས་ལོན་དང་ཤེས་རྟོགས་ལ་ཤུགས་རྐྱེན་ཐེབས་ཏེ་མི་རིགས་འབྲེལ་བ་ལེགས་པོའི་ངང་འཕེལ་བར་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད།  གལ་ཏེ་མགོ་ཁྲིད་ལས་བྱེད་འདི་དག་གིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་འཚོ་བའི་གོམས་གཤིས་ལ་རྒྱུས་ལོན་མི་བྱེད་པར།  མཐོ་ས་ནས་དམའ་ས་གནོན་པའི་འདི་ཤེས་འཛིན་སྟངས་དང་སྟབས་བདེའི་རྩུབ་སྤྱོད་ཀྱིས་དབང་ཆ་ཟེར་བ་དེ་བཀོལ་ན།  ནམ་ཞིག་ས་གནས་ལས་བྱེད་མང་ཚོགས་ཀྱིས་གོ་ལོག་དང་བློ་འགལ་བྱུང་ཚེ།  དེ་ནི་སྤྱིར་བཏང་དུ་བརྗོད་པའི“དབང་ཆའི་རང་ཤེད”ཙམ་ཞིག་མ་ཡིན་པར།  མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ལ་གནོད་པའི་གནད་དོན་ཚབས་ཆེན་ཞིག་ཡིན།  ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ནི།  དེ་འདྲའི་མི་ཁ་ཤས་ཤིག་གི“དབང་ཆའི་རང་ཤེད”ཀྱིས་མི་རང་གི་རྒྱུ་སྤུས་ཕྱིར་བསྟན་པར་མ་ཟད་མི་སྒེར་གྱི་བྱ་བ་སྒྲུབ་པར་ཡང་གནོད།  དེའི་གཏོར་བརླག་བཏང་ས་ནི་ཏང་དང་རྒྱལ་ཁབ་ཀྱི་རྣམ་པ་ཡིན་པས་ས་གནས་དང་རྒྱལ་ཡོངས་ཀྱི་མི་རིགས་འབྲེལ་བའི་འཕེལ་རྒྱས་བཟང་བོ་ལ་གནོད་སྐྱོན་བཟོ་སྲིད།  
   ཟླ་བཅུ་བའི་གསར་བརྗེར་རྒྱལ་ཁར་བླངས་ནས་རིང་བོ་མ་ལོན་པར།  མི་རིགས་མངའ་ཁོངས་ཀྱི་ཁྱད་ཆོས་ཡོད་པའི“དབང་ཆའི་རང་ཤེད”འདི་འདྲ་འབྱུང་བར་སྔོན་འགོག་དང་བག་ཟོན་བྱེད་ཆེད།  ལེ་ཉིན་གྱིས་གྲངས་ཉུང་མི་རིགས་རྣམས་ལ་མཚོན་ན།  “འདྲ་མཉམ་གྱི་འདུ་ཤེས་དང་འདྲ་མཉམ་ལ་གཏོར་བརླག་བཏང་བ་ལས་སྙིང་ལ་གཟན་པ་ཞིག་མེད།  ཐ་ན་རང་གི་འབྱོར་མེད་བློ་མཐུན་གྱིས་ཉམས་མ་བཞག་པའམ་ཀུ་རེ་བརྩེས་ནས་འདྲ་མཉམ་འདི་འདྲར་གཏོར་བརླག་བཏང་བ་ཡིན་ནའང་།  ”“གནས་ཚུལ་འདི་འདྲའི་ནང་དུ།  གྲངས་ཉུང་མི་རིགས་ལ་སྒོ་སྐབས་བྱིན་པ་དང་བཟོད་སྒོམ་བྱས་པ་འདས་པའི་དུས་དང་བསྡུར་ན་ད་དུང་བཟང་པོ་ཞིག་བསྒྲུབ་ཐུབ་མེད།  ”འདིས“ང་ཚོར་མི་རིགས་གནད་དོན་ཐག་གཅོད་བྱེད་དུས་ཕྱིའི་རྣམ་པ་བཟོས་པ་ཙམ་གྱིས་མི་ཆོག་པར།  བཙན་གནོན་བྱས་པའི་རིགས(ཡང་ན་མི་རིགས་ཆུང་བ)ཀྱི་འབྱོར་མེད་པས་བཙན་གནོན་བྱེད་མཁན་གྱི་མི་རིགས(ཡང་ན་མི་རིགས་ཆེན་པོ)ལ་བཟུང་བའི་ལྟ་སྟངས་ལ་ཁྱད་པར་ཡོད་ངེས་པ་ལ་དུས་དང་རྣམ་པ་ཀུན་པ་བསམ་བློ་གཏོང་དགོས།  ”
   ལེ་ཉིན་གྱི་བསམ་བློ་འདི་དང་གཞི་སྦྲེལ་གྱིས་དངོས་ཡོད་གནས་ཚུལ་གཞིར་བཟུང་སྟེ།  “དབང་ཆའི་རང་ཤེད”མི་རིགས་ས་ཁུལ་དང་མི་རིགས་བྱ་བའི་ཁྲོད་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་སྔོན་འགོག་དང་བག་ཟོན་བྱེད་པར་ཐོག་མར་སློབ་གསོ་ལ་ཤུགས་རྒྱག་དགོས།  མི་རིགས་ས་ཁུལ་དུ་མངགས་ནས་བྱ་བ་སྒྲུབ་པ་དང་ལྷག་པར་དུ་མི་རིགས་ཆོས་ལུགས་བྱ་བའི་ལས་དོན་སྒྲུབ་མཁན་སུ་ཡིན་རུང་ཚང་མར་མི་རིགས་ཆོས་ལུགས་རྒྱུན་ཤེས་ཀྱི་སློབ་གསོ་ཆ་ཚང་ཞིག་གཏོང་དགོས།  ཞོར་དུ་སྒྲིག་ལམ་འཛུགས་པར་ཤུགས་བསྣན་ནས་འོས་འཚམས་ཀྱི་ཚད་གཞི་གཏན་འབེབས་དང་།  འོས་འཚམས་ཀྱི་་བྱ་དགའ་སྟེར་བ་དང་ཆད་པ་གཅོད་པའི་བྱེད་ཐབས་སྒྲིག་བཟོ་བྱས་ཏེ།  “དབང་ཆའི་རང་ཤེད”འགོག་ཟོན་བྱེད་པར་ཕན་པའི་ལམ་ལུགས་ཀྱི་ལྕགས་རི་སྐྲུན་དགོས།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག