ཨེལ་ཡ་ཐི(T.S.Eliot, 1888-1965)ནི་དུས་རབས་ཉི་ཤུ་པའི་ཨིན་ཇིའི་སྙན་ངག་པ་ཆེན་མོ་ཞིག་ཡིན། ཨ་རིར་སྐྱེས་ཤིང་ཡབ་ནི་ཚོང་པ་དང་ཡུམ་ནི་སྙན་ངག་པ་ཞིག་ཡིན། ཧ་ཝར་དྷི་སློབ་ཆེན(Harvard University)དུ་མཚན་ཉིད་རིག་པ་དང་རྩོམ་རིག་སྦྱངས་ཤིང་། ལེགས་སྦྱར་གྱི་སྐད་དང་ཤར་ཕྱོགས་ཀྱི་རིག་གནས་ལའང་དོ་སྣང་བྱུང་། ཧེ་གེལ(Hegel,1770-1831)ལུགས་ཀྱི་མཚན་ཉིད་རིག་པའི་ལྟ་བ་དང་ཧྥ་རན་སིའི་མཚོན་བྱེད་རིང་ལུགས་ཀྱི་ཤུགས་རྐྱེན་ཐེབས། 1914ལོར་ཨ་རིའི་སྙན་ངག་པ་ཕོང་རྡི(Ezra Pound,1885-1972)ངོ་ཤེས། འཛམ་གླིང་འཁྲུག་ཆེན་གཉིས་པ་བྱུང་རྗེས་ལོན་ཏོན་དུ་གནས་བཅས་ཤིང་དགེ་རྒན་དང་དངུལ་ཁང་གི་ལས་ཀ་སོགས་གཉེར། 1922ལོར་རྩོམ་རིག་གི་དུས་ཚིགས་དེབ་ཚད་གཞི(Standard)ཞེས་པ་སྤེལ་ཏེ། 1939ལོའི་བར་དུ་སྒྲིག་མཁན་གཙོ་བོ་མཛད། 1922ལོར་མྱ་ངམ་ཐང་སྤེལ་ཅིང་། དུས་རབས་ཉི་ཤུ་བའི་སྙན་ངག་ཆེན་མོ་དང་དེང་རབས་སྙན་ངག་གི་རྡོ་རིང་ལྟ་བུར་བརྩིས། 1927ལོར་ཨིན་ཇིའི་རྒྱལ་ཁོངས་སུ་ཞུགས། 1948ལོར་རོལ་མོ་བཞི་སྦྲགས་མ་བཞི་ལ་བརྟེན་ནས་ལོ་དེའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ། སྙན་ངག་གྲགས་ཅན་ཕུ་རོ་ཧྥུ་རོག་དང་མཐོང་བ་གཞན་དག(Prufrock and Other Observations, 1917)དང་། མྱ་ངམ་ཐང(The Waste Land, 1922)། ཐལ་བའི་གཟའ་ལྷག་པ(Ash Wednesday, 1930)། རོལ་དབྱངས་བཞི་སྡེབ་མ་བཞི(Four Quertets, 1943)སོགས་མཆིས། གཤམ་གྱི་ཁ་བརྡ་འདི་ནི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་དག་གི་བཅར་འདྲི་ཞེས་པ་ལས་བཏུས་ཤིང་བོད་ཡིག་ཏུ་བདེ་བར་བསྒྱུར་བའོ། །
གསར་འགོད་པ། ཁྱོད་ཀྱིས་ནམ་ཞིག་ནས་སྙན་ངག་འབྲི་མགོ་བརྩམས་པ་ཡིན།
ཨེལ་ཡ་ཐི། ཧ་ལམ་ལོ་བཅུ་བཞི་ཙམ་གྱི་སྐབས་སུ། ཧྥི་ཚི་ཅེ་རལ་རྡི(Edward Fitzgerald)ཡིས་བསྒྱུར་བའི་རུ་པེའི་ཚོམས(Rubaiyat)ལ་དཔེ་བལྟས་ནས། ཡིད་སྐྱོ་ཞིང་རེ་ཐག་ཆད་པ། ལྷ་མེད་པར་སྨྲ་བའི་སྙན་ངག་ཁག་ཅིག་འབྲི་མྱོང་། དེ་དག་དུས་དེབ་ཏུ་སྤེལ་མ་མྱོང་ཞིང་ད་ལྟ་རྙེད་ཀྱིའང་མི་འདུག ངའི་སྙན་ངག་ཐོག་མ་དེ་ཧྲི་མི་སི་སློབ་གླིང་གི་དུས་དེབ་དང་། ཕྱིས་སུ་ཧ་ཝོར་རྡི་གླེང་སྟེགས་སུ་བཀོད། དེ་ནི་གཞན་ལ་ལད་མོ་བྱས་ནས་བྲིས་པ་ཞིག་ཡིན་ནའང་དགེ་རྒན་གྱིས་ལོ་བཅོ་ལྔ་བཅུ་དྲུག་ཙམ་གྱིས་དེ་འདྲ་ཞིག་འབྲི་ཐུབ་པར་ཡག་པོ་འདུག་ཟེར། དེའི་རྗེས་སུ་ཧ་ཝོར་རྡི་སློབ་ཆེན་དུ་ཁ་ཤས་བྲིས་ཤིང་དེ་གའི་གླེང་སྟེགས་ཀྱི་རྩོམ་སྒྲིག་པ་རུའང་གྱུར། སློབ་ཆེན་ལོ་རིམ་གསུམ་པ་བཞི་བ་ལོ་གཉིས་ཀྱི་རིང་ལ་ཚོར་བའི་ཀློང་རྡོལ་ནས་སྙན་ངག་ཀྱང་མང་པོ་འབྲི་ཐུབ་སོང་། དེ་ནི་ལོ་རིམ་གསུམ་པའི་སྐབས་སུ་པོ་དེ་ལེར(Charles Pierre Baudelaire,1821-1867)དང་ལ་ཧྥོར་གེའུ(Jules Laforgeu,1860-1887)གཉིས་ཀྱི་སྙན་ངག་བཀླགས་པས་རེད།
གསར་འགོད་པ། ཧྥ་རན་སིའི་སྙན་ངག་ཇི་ལྟར་ཀློག་ཐུབ་སོང་།
ཨེལ་ཡ་ཐི། ང་རང་ཧྥ་རན་སིའི་སྙན་ངག་ལ་འཇུག་པའི་བློ་སྒོ་ཐོག་མར་འབྱེད་པ་པོ་ནི་སེ་མོན་སི(Arthur Symons)ཡི་དེབ་རྩོམ་རིག་ཁྲོད་ཀྱི་མཚོན་བྱེད་སྨྲ་བའི་ལས་འགུལ(The Symbolist Movement in Literature, 1899)ཞེས་པ་དེ་རེད། དེ་ནི་ཧ་ཝོར་རྡི་སློབ་མའི་ཚོགས་པའི་དཔེ་མཛོད་ཁང་ཆུང་ངུ་ཞིག་ཏུ་རྙེད་ཅིང་། དེ་ལ་མཐུད་ནས་ངས་ལ་ཧྥོར་གེའུ་ལ་སོགས་ཧྥ་རན་སིའི་སྙན་ངག་པ་སྐོར་ཞིག་གི་དེབ་ཀློག་ཐུབ་སོང་།
གསར་འགོད་པ། ཁྱོད་རང་སློབ་ཆེན་དུ་ཡོད་པས་སྐབས་དེའི་སྙན་ངག་པ་དང་འབྲི་ཐབས་གང་གི་ཤུགས་རྐྱེན་ཐེབས་མྱོང་ངམ།
ཨེལ་ཡ་ཐི། ང་སྐབས་དེར་འཚོ་ཞིང་གཞེས་པའི་དབྱིན་ཇི་དང་ཨ་མེ་རི་ཁའི་སྙན་ངག་པ་སུ་གཅིག་ལའང་ཧ་ལམ་དགའ་པོ་མེད། དེ་ང་ལ་མཚོན་ནའང་ཡག་པོ་འདུག གལ་ཏེ་རྩོམ་པ་པོ་སྔ་རབས་པ་མང་པོས་རྩོམ་སྟེགས་བདག་ཏུ་བཟུང་ཚེ་རང་ཅག་གིས་རྩོམ་འབྲི་བ་ལ་བར་ཆད་བཟོ་ངེས་རེད།
གསར་འགོད་པ། སྐབས་དེར་ཁྱོད་ཀྱིས་ཧར་དེ(Thomas Hardy, 1840-1928)འམ་རོ་པིན་སོན(E. A. Robinson, 1887-1962)ངོ་ཤེས་སམ།
ཨེལ་ཡ་ཐི། ངས་ནུབ་རྒྱ་མཚོ་ཆེན་མོའི་ཟླ་དེབ་ལས་རོ་པེན་སོན་གྱི་རྩོམ་བཀླགས་མྱོང་། ཡིན་ནའང་ཁོས་དྲངས་པའི་སྙན་ངག་དག་ངའི་བློ་ལ་འབབ་ཀྱི་མི་འདུག ཧར་དེ་ནི་སྐབས་དེར་སྒྲུང་གཏམ་པ་ཞེས་གྲགས་ཆེ་བ་ལས་སྙན་ངག་འབྲི་ཡི་ཡོད་མེད་སུས་ཀྱང་མི་ཤེས། མི་རབས་རྗེས་མ་དག་གིས་ཁོའི་སྙན་ངག་ཀློག་ངེས། ཡེ་ཚི(W. B. Yeats, 1865-1939)འང་སྐབས་དེར་གསར་དུ་ཐོན་མ་ཐག་ཡིན་ལ་སྙན་ངག་ཏུ་ཨེར་ལན་གྱི་ཉམས་ཀྱིས་ཁེངས་ཡོད། ལོ་རབས་དགུ་བཅུ་བར་རང་ཤི་བརྒྱབ་པ་དང་ཆང་གིས་མྱོས་པའི་སྙན་ངག་པ་ཁ་ཤས་གླེང་རིན་ཡོད་པ་གཞན་ཅི་ཡང་མི་འདུག
གསར་འགོད་པ། ཁྱོད་དང་ཨ་ཡེ་ཁེན(Aiken)གཉིས་ཀྱིས་ཧ་ཝོར་རྡི་གླེང་སྟེགས་མཉམ་དུ་བསྒྲིགས་དུས་སྙན་ངག་འབྲི་ཐབས་གླེང་མྱོང་ངམ།
ཨེལ་ཡ་ཐི། ང་དང་ཨེ་ཁིན་གཉིས་གྲོགས་པོ་ཡིན་མོད་ཕན་ཚུན་གྱི་སྙན་ངག་རྩོམ་སྟངས་ལ་ཤུགས་རྐྱེན་ཆེ་མེད། ཕྱི་རྒྱལ་གྱི་རྩོམ་པ་པོ་དག་ལ་ཁོ་སི་པེན་དང་ཨི་ཏ་ལི་ཡི་རྩོམ་པ་པོ་དག་དང་། ང་ནི་ཧྥ་རན་སིའི་རྩོམ་པ་པོ་ཁོ་ནར་མོས་པ་ཡོད།
གསར་འགོད་པ། ཁྱོད་ཀྱི་སྙན་ངག་ཕོང་རྡི་ལ་ངོ་སྤྲོད་མཁན་ཨ་ཡེ་ཁེན་ཨེ་རེད།
ཨེལ་ཡ་ཐི། རེད། ཨ་ཡེ་ཁེན་དང་ངེད་གཉིས་ཀྱི་རྩོམ་འབྲི་སྟངས་ཁ་ཁ་ཡིན་ནའང་། ཁོ་ངའི་སྙན་ངག་ལ་དགའ་པོ་ཡོད། ཧ་ལམ1914ལོའི་དབྱར་ཁ་ཡིན་པ་འདྲ། ཁོ་ལོན་ཏོན་དུ་ཕྱིན་ཏེ་ངའི་རྩོམ་འགོད་ས་ཞིག་བཙལ་ནའང་གཅིག་ཀྱང་མ་རྙེད། ལོ་དེར་ངེད་གཉིས་ཀ་ལོན་ཏོན་དུ་ཡོད་ཅིང་། ཁོས་ང་ལ་ཁྱོད་ཕོང་རྡི་འཚོལ་དུ་སོང་ལ་སྙན་ངག་དག་ཁོ་ལ་ལྟ་རུ་ཆུགས་ཟེར། ཁོས་ཕོང་རྡི་ངའི་སྙན་ངག་དག་ལ་དགའ་ངེས་རེད་སྙམ་གྱི་འདུག
གསར་འགོད་པ། ཁྱོད་ཀྱིས་ཕོང་རྡི་ཡི་སྙན་ངག་ཡག་པོ་མི་འདུག་ཅེས་ལབ་མྱོང་ཡོད། ལྟ་བ་དེ་ནམ་བརྗེས་པ་ཡིན།
ཨེལ་ཡ་ཐི། སྔོན་ང་ཧ་ཝོར་རྡི་སློབ་གྲྭ་རུ་ཡོད་དུས་གྲོགས་པོ་ཞིག་གིས་ཕོང་རྡི་ཡི་སྙན་དེབ་གཉིས་ང་ལ་སྟེར་མྱོང་། ད་དུང་ཁྱོད་དང་ལམ་གཅིག་རྟ་གཅིག་གི་མིས་བྲིས་པ་རེད་པས་ཁྱོད་དགའ་ངེས་རེད་ཟེར། ཡིན་ནའང་ངས་བཀླགས་པ་དང་འཆར་ཡན་གྱི་ཤུགས་ལྕི་དྲགས་ནས་དགའ་པོ་མ་བྱུང་། ང་ཕོང་རྡི་འཚོལ་དུ་སོང་བའང་ཁོའི་སྙན་ངག་ཡག་པས་མིན། ཡིན་ནའང་ཁོའི་སྐབས་དེའི་རྩོམ་དག་ཡག་པོ་ཨོ་ཙམ་འདུག་ལ། དུས་ཕྱིས་ཀྱི་སྙན་ངག་དག་དེ་བས་ཀྱང་རླབས་ཆེན་ཡིན།
གསར་འགོད་པ། ཕོང་རྡི་ཡིས་ཁྱོད་ཀྱི་སྙན་ངག་རིང་མོ་མྱ་ངམ་ཐང་གི་མ་ཕྱི་ཧྲག་པར་བཅད་དེ་ད་ལྟའི་རིང་ཐུང་འདི་གྲུབ་པ་རེད། ཁོའི་དཔྱད་གཏམ་གྱིས་ཕན་ཐོགས་ཀྱི་འདུག་གམ།
ཨེལ་ཡ་ཐི། སྐབས་དེར་ཡོད་དང་ཡོད། ཕོང་རྡི་ནི་དཔྱད་གཏམ་གནང་མཁན་རྨད་དུ་བྱུང་བ་ཞིག་ཡིན། རྒྱུ་མཚན་ནི་ཁོས་ཁྱོད་ལ་ཕ་རོལ་པོར་ནེ་ཙོའི་བརྟུལ་ཞུགས་ཀྱིས་ལད་མོ་བྱ་རུ་མི་འཇུག་པར། རང་ལ་ཐུན་མིན་གྱི་འབྲི་ཐབས་ཆགས་སུ་འཇུག་པས་ཡིན།
གསར་འགོད་པ། མྱ་ངམ་ཐང་གི་མ་ཕྱི་ཐོག་མ་དེ་ད་ལྟ་ད་དུང་ཡོད་དམ།
ཨེལ་ཡ་ཐི། དེ་ང་ལ་མ་འདྲི་རོགས། ང་རང་གིས་ད་ལྟ་གང་དུ་ཡོད་མེད་མི་ཤེས། ངས་མ་ཕྱི་དེ་དང་གཞན་དུ་མ་སྤེལ་བའི་སྙན་དེབ་ཅིག་མཉམ་དུ་གྲོགས་པོ་ཞིག་ལ་བཙོང་བ་ཡིན། ཁོ་ཚེ་ལས་འདས་རྗེས་ཀྱང་མ་ཕྱི་དེ་དག་མཐོང་མ་བྱུང་།
གསར་འགོད་པ། ཕོང་རྡི་ཡིས་མྱ་ངམ་ཐང་གི་ནང་དོན་གང་དག་དོར་བ་རེད།
ཨེལ་ཡ་ཐི། ཁོས་དུམ་མཚམས་དུམ་མཚམས་བྱས་ནས་དོར་འགྲོ། དུམ་མཚམས་རིང་ཤོས་དེ་ནི་མཚོ་འགྲམ་དང་འབྲེལ་བ་ཡོད། ངས་དེ་སྙན་ངག་ཧྲིལ་པོ་དང་འབྲེལ་བ་ཅི་ཡོད་མི་ཤེས་ནའང་། དེ་ཏན་ཐེ(Dante, 1265-1321)ཡི་སྡིག་སྒྲིབ་སྦྱོང་བ(Purgatory)ཡི་ནང་གི་ཡུག་ལི་སེའུ་སི(Ulysses)ལས་བློ་སྒོ་ཕྱེས་པ་ཞིག་ཡིན། དུམ་མཚམས་གཞན་ཞིག་རྩོམ་གཞན་ཞིག་ལ་ལད་མོ་བྱས་པ་ཡིན། ཕོང་རྡི་ཡིས་གཞན་དག་གིས་བྲིས་ཟིན་པ་སླར་འབྲི་བའི་དགོས་པ་ཅི་ཡང་མེད། དེ་བས་ཁྱོད་ཀྱིས་གཞན་གྱིས་མ་བྲིས་པ་དག་བྲིས་ན་འགྲིག་ཟེར།
གསར་འགོད་པ། ཁོས་དེ་ལྟར་མང་པོ་ཞིག་དོར་བས་རྩོམ་གྱི་སྒྲིག་གཞི་གཏོར་ཟིན་ནམ།
ཨེལ་ཡ་ཐི། མེད། མ་རྩོམ་རང་ལ་སྒྲིག་གཞི་ཟེར་བ་ཞིག་ཀྱང་ཁྱོན་ནས་མེད་པར་རིང་ལ་ཉོག་ཆེ་བ་ཞིག་ཡིན།
གསར་འགོད་པ། ཁྱེད་ཀྱིས་སྙན་ངག་གི་ལུས་དང་སྲོག་གི་འབྲེལ་བར་ཇི་ལྟར་ལྟ། སྙན་ངག་གང་གི་སྲོག་གཏན་མ་ཁེལ་སྔོན་ལ་ལུས་ཅི་ལྟ་བུ་ཞིག་སྤྱད་པ་ཡོད་དམ།
ཨེལ་ཡ་ཐི། ཡོད། ཧ་ལམ་དེ་འདྲ་ཞིག་རེད། སྙན་ངག་པ་གཞན་གྱི་སྙན་ངག་ལ་དཔྱད་པ་བཏང་རྗེས། ལུས་འདི་འདྲ་ཞིག་སྤྱད་ན་སྲོག་ཅི་ཞིག་འབྲི་ཐུབ་བམ་ཞེས་བསམ་པའང་ཡོད། དེའི་རྗེས་ནས་དེའི་སྐོར་ཚོད་ལྟ་བྱས་པ་ཡིན།
གསར་འགོད་པ། ཁྱེད་ཀྱིས་སྙན་ངག་སྔ་མ་དག་ལ་གྲོལ་བའི་ལུགས་སྤྱོད་དོན་ཅི་ཡིན།
ཨེལ་ཡ་ཐི། ངའི་སྙན་ངག་ཐོག་མ་དག་ལ་ལ་ཧྥོར་གེའུ་ཡི་ཤན་ཞུགས་པ་བརྗོད་དུ་མེད། ཚིག་གི་རིང་ཐུང་མི་འདྲ་བ་ལ་སྒྲ་ལྡན་གྱི་རྒྱན་ཀྱང་མི་འདྲ་བ་དུ་མ་སྤྱད་པ་ཡིན་པས། ཆེས་ཆེར་རང་དབང་ལྡན་པ་ཞིག་ཀྱང་མ་ཡིན། རང་མོས་སྙན་ངག་གམ་གྲོལ་བའི་ལུགས་ཀྱི་སྙན་ངག་འབྲི་དུས་སེམས་ལ་མ་དཔེ་ཞིག་ཡོད་མེད་བཤད་དུ་མེད་དེ། བྲིས་ཚར་རྗེས་གང་ལྟར་དེ་འདྲ་ཞིག་ཆགས་ཡོད།
གསར་འགོད་པ། ཕུ་རོ་ཧྥུ་རོག་གི་བརྩེ་གཞས་ཀྱི་རྗེས་སུ་ཁྱོད་ཀྱི་ཧྥ་རན་སིའི་ཡི་གེའི་སྙན་ངག་འགའ་བྲིས་མྱོང་། ཕྱིས་སུ་མ་བྲིས་པའི་རྒྱུ་མཚན་ཅི།
ཨེལ་ཡ་ཐི། དེ་དོན་ཡ་མཚན་པོ་ཞིག་རེད། ངས་ཀྱང་དེའི་རྒྱུ་མཚན་ཤེས་ཀྱི་མི་འདུག སྐབས་དེར་ངས་ཡུན་རིང་ཞིག་ལ་སྙན་ངག་གཅིག་ཀྱང་མ་བྲིས་པས། རང་གི་སྙན་ངག་གི་ཚོར་བ་ཡོངས་སུ་ཉམས་པ་རེད་བསམས་ནས། སེམས་ཁོ་ཐག་ཆད་པས་ཧྥ་རན་སིའི་སྐད་ནས་སྙན་ངག་འགའ་བྲིས་པ་ཡིན། ཁ་ཤས་ད་དུང་སྤེལ་མྱོང་ཡོད། ཡིན་ནའང་དེའི་རྗེས་ནས་ངས་སླར་ཨིན་ཡིག་གི་ལམ་ནས་སྙན་ངག་བྲིས་པ་ཡིན།
གསར་འགོད་པ། ཁྱོད་ལ་བྲིས་མ་ཚར་བའི་སྙན་ངག་དག་ད་ལྟ་རྒྱུན་དུ་སླར་ལྟ་བ་ཡོད་དམ།
ཨེལ་ཡ་ཐི། མེད། བྲིས་མ་ཚར་བའི་སྙན་ངག་དག་ངས་རིང་དུ་དོར་བ་ཡིན། གལ་ཏེ་ནང་དུ་ཚན་པ་ཡག་པོ་རེ་ཡོད་ན་སྙན་ངག་གཞན་དུ་སྤྱད་པ་ཡིན། མེ་རུ་ཚིག་པའི་ནོར་ཏོན་ཞེས་པའི་དུམ་མཚམས་དེ་སྙན་ངག་གི་ཟློས་གར་ཆོས་ཁང་ཆེན་མོའི་ལྐོག་གསོད་དོན་རྐྱེན་ལས་བཏུས་ཡོང་བ་ཡིན།
གསར་འགོད་པ། ཁྱེད་ཀྱི་སྙན་ངག་ཐུང་ངུ་ཁ་ཤས་སྙན་ངག་རིང་མོ་ལས་བཏུས་ཡོང་བ་གཞན་ཡོད་དམ། དཔེར་ན་སྐྱེ་བོ་ཁོག་སྟོང(The Hollow Men, 1925)ཞེས་པ་ལྟ་བུ།
ཨེལ་ཡ་ཐི། རེད། སྐྱེ་བོ་ཁོག་སྟོང་ཞེས་པ་ནི་རང་རྐྱ་འཕེར་བའི་སྙན་ངག་ཁ་ཤས་ཀྱིས་གྲུབ་པ་ཡིན། གཞན་ཐལ་བའི་གཟའ་ལྷག་པ་ཞེས་པའི་ཚན་པ་ཁ་ཤས་ཀྱང་དུས་དེབ་ཏུ་སྤེལ་མྱོང་། ཐོག་མར་སྙན་ངག་ཐུང་ངུ་རང་རྐྱ་འཕེར་བ་ཁ་ཤས་དང་། སྐལ་བ་སླེབས་དུས་གཅིག་ཏུ་བསྡུས་ནས་སྙན་ངག་རིང་མོ་ཞིག་གི་ལུས་སུ་གྲུབ་པར་བྱེད་པ་ནི་ངའི་ལོ་མང་པོའི་རིང་གི་སྙན་ངག་འབྲི་ལུགས་ཤིག་ཡིན།
གསར་འགོད་པ། མི་མང་པོ་སྙན་ངག་འབྲི་བའི་གོ་རིམ་ལ་སྤྲོ་བ་ཡོད་པས། ཁྱེད་ཀྱིས་རང་གི་སྙན་ངག་འབྲི་བའི་གོམས་སྲོལ་དེ་གླེང་ན་ཆོག་གམ། གོ་ཐོས་སུ་ཁྱོད་ཀྱིས་ཡིག་གཏག་འཕྲུལ་ཆས་ཀྱིས་སྙན་ངག་འབྲི་ཡི་ཡོད་སྐད།
ཨེལ་ཡ་ཐི། ཁ་ཤས་ཤིག་དེ་ལྟར་བྲིས་མྱོང་། ཡིན་ནའང་ངའི་སྙན་ངག་གི་ཟློས་གར་གསར་པ་ཆབ་སྲིད་པ་རྒན་པ(The Elder Statesman, 1958)ཞེས་པའི་མ་ཕྱི་ཕལ་མོ་ཆེ་ཞ་སྨྱུག་གིས་བྲིས་པ་ཡིན། ལག་པས་འབྲི་བའམ་ཡི་གེར་གཏག་པ་གང་ལྟར་ཡང་། རྩོམ་འབྲི་བ་ལ་དུས་ཚོད་གཏན་ཁེལ་བ་ཞིག་ཡོད། དེ་རྒྱུན་དུ་ཞོགས་པའི་ཆུ་ཚོད་བཅུ་ནས་ཕྱི་དྲོའི་ཆུ་ཚོད་གཅིག་བར་ཡིན། ཉིན་གཅིག་ལ་མང་ན་ཆུ་ཚོད་གསུམ་ལ་མ་གཏོགས་མི་འབྲི་བར། ཕྱིས་སུ་དག་བཅོས་བྱ་རྩིས་ཡོད། ཉིན་གཅིག་ལ་དེ་བས་རིང་བར་འབྲི་བསམས་ཡང་། ཆུ་ཚོད་གསུམ་གྱི་རྗེས་སུ་བྲིས་པ་དག་ལ་དག་བཅོས་བྱ་རྒྱུ་དེ་བས་ཀྱང་མང་པོ་འདུག དེ་བས་ཆུ་ཚོད་གསུམ་འགོར་མ་ཐག་ངས་འབྲི་མཚམས་བཞག་ནས། དེ་དང་འབྲེལ་བ་མེད་པའི་དོན་དག་ལ་འདང་བརྒྱབ་པ་ཡིན།
གསར་འགོད་པ། སྙན་ངག་གི་ཟློས་གར་མ་ཡིན་པ་དག་འབྲི་དུས་འཆར་གཞི་ཡོད་དམ། དཔེར་ན་རོལ་མོ་བཞི་སྡེབ་མ་བཞི་ལྟ་བུ།
ཨེལ་ཡ་ཐི། སྙན་ངག་ཐུང་ངུ་ཁ་ཤས་ཤིག་ལས་གཞན་དེ་ལྟར་བྲིས་མ་མྱོང་། རོལ་མོ་བཞི་སྡེབ་མ་བཞི་ནི་འཆར་གཞི་ལྟར་བྲིས་པ་མིན། ཚན་པ་དང་པོ་དེ1935ལོར་བྲིས་པ་དང་། ཚན་པ་གཞན་དག་འཁྲུག་ཆེན་གྱི་སྐབས་སུ་ཆད་རེ་མཐུད་རེ་བྱས་བྲིས་པ་ཡིན། གལ་ཏེ1939ལོར་འཁྲུག་ཆེན་ལངས་མེད་ཚེ་ངས་སྙན་ངག་གི་འཁྲབ་གཞུང་གཞན་ཞིག་བྲིས་ཡོད་ངེས། རོལ་མོ་བཞི་སྡེབ་མ་བཞིི་ཡི་རྣམ་པ་དང་ངའི་རྩོམ་འབྲི་བའི་ངང་ཚུལ་གཉིས་མཐུན་པོ་ཞེ་པོ་བྱུང་བས། ཚན་པ་འགར་བཀར་ནས་བྲིས་ཆོག ལན་རེར་ཉི་མ་ཁ་ཤས་ལ་མ་བྲིས་ནའང་སྐྱོན་མེད། འཁྲུག་ཆེན་གྱི་སྐབས་ཡིན་པས་དེ་འདྲ་རྟག་ཏུ་འབྱུང་གི་ཡོད།
གསར་འགོད་པ། ཁྱོད་ཀྱིས1932ལོར་སྤེལ་བའི་སྙན་ངག་གི་ཟློས་གར་གྱི་གཞུང་ལུགས་གླེང་དུས། དེ་ལ་བྱུང་རིམ་དང་། གང་ཟག ཡི་གེ སྒྲ་རྒྱན། ལྟ་བ་བཅས་ཡན་ལག་ལྔ་ཚང་དགོས་པ་དེའི་སྐོར་ཅིག་ཤོད་དང་།
ཨེལ་ཡ་ཐི། ང་རང་ཉིད་ཀྱི་སྙན་ངག་གི་ཟློས་གར་ཕྱོགས་ཀྱི་གཞུང་ལུགས། ཁྱད་པར་དུ1934ལོའི་ཡན་གྱི་ལྟ་བ་དག་ལ་ད་ལྟ་སྤྲོ་བ་ཉག་ཙམ་ཡང་མི་འདུག སྙན་ངག་གི་ཟློས་གར་ཇི་ལྟར་བྲིས་པ་དེ་ལྟར་གྱིས་གཞུང་ལུགས་བརྗེད་འགྲོ་ཡི་འདུག
གསར་འགོད་པ། སྙན་ངག་དང་སྙན་ངག་གི་ཟློས་གར་གཉིས་ལ་མི་འདྲ་ས་ཅི་འདུག
ཨེལ་ཡ་ཐི། དེ་གཉིས་ལ་ཧེ་བག་ཆེན་པོ་འདུག སྙན་ངག་གི་ཟློས་གར་འབྲི་བ་ནི་ལྟད་མོ་པ་ལ་དང་། སྙན་ངག་འབྲི་བ་ནི་ང་རང་ཉིད་ལ་ཕྱོགས་པས་སོ། །ཡིན་ནའང་སྙན་ངག་ཅིག་བྲིས་རྗེས་དེ་ལ་མཉམ་འུར་འབྱུང་མ་ཐུབ་ཚེ་རང་ཡང་ཡིད་ཚིམས་ཀྱི་མེད། སྙན་ངག་འབྲི་དུས་དེས་ངའི་ཚོར་བ་དག་ཡི་གེར་ཕབ་ཀྱི་ཡོད་ཅེས་རང་གི་སྐད་གདངས་སྤྱད་ཆོག་ནའང་། སྙན་ངག་གི་ཟློས་གར་འབྲི་སྐབས་མགོ་བརྩམས་མ་ཐག་ནས་ལྟད་མོ་པ་ལ་སྟོན་རྒྱུ་ཞིག་ཡིན་པ་ཤེས་དགོས། འོན་ཀྱང་རབ་ཡིན་ན་འབྲི་ཐབས་འདི་གཉིས་གཅིག་ཏུ་སྦྱོར་ཐུབ་ན་བཟང་། ཤིག་སི་ཕེར(William Shakespeare, 1564-1616)གྱི་ཏག་ཏག་འདི་གཉིས་གཅིག་ཏུ་བསྲེས་ནས། སྙན་ངག་འབྲི་བའི་སྐབས་སུའང་ཟློས་གར་ཁང་དང་གང་ཟག་དང་ལྟད་མོ་པ་སོགས་ལའང་དོ་སྣང་མཛད་ཐུབ་ཀྱི་ཡོད་པས། ཐབས་འདི་གཉིས་སྦྲེལ་ཐུབ་ན་སྙན་ངག་གི་ཁམས་བསམ་ཡུལ་ལས་འདས་པ་ཞིག་བསྐྲུན་ཐུབ་མོད། ཡིད་ཕངས་པ་ཞིག་ལ་ང་དེ་ལ་ཆེས་ཆེར་སྤྱོད་ཐུབ་མེད།
གསར་འགོད་པ། ཁྱོད་ཀྱི་སྙན་ངག་སོགས་རྩོམ་ཚང་མར་སྔ་མ་དག་ལས་ཕྱི་མ་དག་ལ་ཀློག་མཁན་མང་བ་ཨེ་རེད།
ཨེལ་ཡ་ཐི། ངས་བསམས་ན་དེ་ལ་རྒྱུ་མཚན་གཉིས་འདུག གཅིག་ནི་ཆོས་ཁང་ཆེན་མོའི་ལྐོག་གསོད་གྱོད་གཞི(Murder in the Cathedral, 1935)དང་ཁྱིམ་མི་ལྷན་འཛོམས(The Family Reuion, 1939)གཉིས་དང་། རོལ་མོ་བཞི་སྡེབ་མ་བཞི་འདྲ་ཡི་མེད། ཟློས་གར་གྱི་སྐད་ཆ་དེ་ཀློག་པ་པོ་དང་ཁ་བརྡ་བྱེད་པ་ནང་བཞིན་གོ་སླ་སྟབས་བདེ་བ་ཞིག་དགོས། རོལ་མོ་བཞི་སྡེབ་མ་བཞི་དང་ཡང་། མྱ་ངམ་ཐང་དང་ཐལ་བའི་གཟའ་ལྷག་པ་གཉིས་ལས་སྟབས་བདེ་ཞིང་གོ་སླ་བ་ཞིག་འདུག འཆད་འགྱུར་གྱི་དོན་གང་དེ་རྙོག་ཆེ་ནའང་ད་ལྟ་སྟབས་བདེ་བའི་ལམ་ནས་བརྗོད་ཐུབ་ཀྱི་འདུག རྒྱུ་མཚན་གཞན་གཅིག་ནི་ཕལ་ཆེར་ལོ་མང་པོར་བསགས་པའི་ཉམས་མྱོང་དང་བྱང་ཆ་ཡིན་སྲིད། སྙན་ངག་སྔ་མ་དག་ཏུ་འཆད་འགྱུར་གྱི་དོན་མང་ཆེ་བ་དང་འཆད་ཐབས་ཉུང་བའམ། ཚིག་དང་འདེགས་འཇོག་རན་པོ་ཞིག་མ་རྙེད་པར་བལྟས་མ་ཐག་ཏུ་གོ་ནུས་པ་ཞིག་མ་ཡོང་། སྙན་ངག་པ་གང་གིས་སྐད་ཆར་སྦྱངས་པའི་དུས་སྐབས་དེར་དོན་མང་བ་དང་གོ་དཀའ་བ་འབྱུང་བའང་རང་བཞིན་རེད། རོལ་མོ་བཞི་སྡེབ་མ་བཞི་འབྲི་དུས་ངས་མྱ་ངམ་ཐང་གི་འབྲི་ཐབས་དེ་རྦད་དེ་ཡོང་གི་མི་འདུག མྱ་ངམ་ཐང་འབྲི་བའི་སྐབས་སུ་ངས་རང་གི་ཅི་ཞིག་འཆད་བཞིན་པ་ཧ་གོ་མི་གོ་ལ་སྣང་བ་གཅིག་ཀྱང་མ་བྱས། ཡུན་ཙམ་འགོར་རྗེས་མི་རྣམས་ཀྱིས་དེ་དག་ཧ་གོ་ཞིང་། མྱ་ངམ་ཐང་དང་ཡུག་ལི་སེ་སི་ལྟ་བུ་ལའང་གོམས་པར་གྱུར།
གསར་འགོད་པ། རོལ་མོ་བཞི་སྡེབ་མ་བཞི་ནི་ཁྱོད་ཀྱི་སྙན་ངག་ཡག་ཤོས་དེ་ཡིན་ནམ།
ཨེལ་ཡ་ཐི། ཡིན། བྲིས་ཀྱིན་བྲིས་ཀྱིན་ཇེ་ཡག་ཡིན་སྣང་འཆར། ཚན་པ་གཉིས་པ་དེ་དང་པོ་ལས་ཡག གསུམ་པ་དེ་གཉིས་པ་ལས་ཡག བཞི་བ་ནི་ཧ་ལམ་ཡག་ཤོས་དེ་ཡིན། འདི་ལ་ངན་པར་རང་བསྟོད་ཟེར་རམ།
གསར་འགོད་པ། གཞོན་ནུ་སྙན་ངག་པ་དག་ལ་སྒྱུ་རྩལ་གྱི་རྩལ་འབྱོར་དགོས་ན་སྒྲིག་ལམ་དང་རྣམ་འགྱུར་ཅི་ལྟ་བུ་ཞིག་བསྟེན་ན་འགྲིག
ཨེལ་ཡ་ཐི། ངས་བསམས་ན་བསམ་འཆར་ཆེ་ཞིང་སྟོང་བ་ཞིག་ལབ་པར་དགོས་པ་ཅི་ཡང་མི་འདུག གཞོན་ནུ་སྙན་ངག་པ་དག་ལ་ཐབས་ལམ་ཡག་ཤོས་ནི་ཁོའི་སྙན་ངག་དག་ལས་ཁྱད་པར་བ་ཞིག་བདམས་ནས་དེ་ལ་སྐྱོན་བརྗོད་ཚ་ནན་ཞིག་བྱས་ཤིང་། ཁོ་དང་བརྩད་དེ་རང་གི་ལྟ་བ་འཆད་རྒྱུ་དེ་རེད་སྙམ། མི་མི་འདྲ་བ་ལ་ཁམས་དང་མོས་པ་མི་འདྲ། མྱོང་བ་མི་འདྲ་བས། རང་གི་བཤད་ཟིན་པ་གང་དེ་སྙན་ངག་པ་དེར་འཚམ་མིན་མཁོ་མིན་ཡང་མི་ཤེས། རང་གི་ཐིག་ཤིང་ཁྱེར་ནས་གཞན་ལ་ཚད་འཇལ་བ་ནི་དོན་ཆེས་སྡུག་ཤོས་དེ་རེད།
གསར་འགོད་པ། སྙན་ངག་པ་དག་གིས་དཔེ་ཆ་ཀློག་པ་དང་རྩོམ་འབྲི་བ་ལས་གཞན་ཅི་ཡང་མ་བསྒྲུབ་ན་ཡག་གམ།
ཨེལ་ཡ་ཐི། དེ་མ་ཡིན་པར་མི་སོ་སོ་ལ་སོ་སོའི་ལྟ་བ་ཡོད། ཡིན་ནའང་དཔེར་ན་ང་རང་གིས་འཚོ་ཚིས་མཁོ་དགོས་ལ་སྣང་བ་ཅི་ཡང་བྱེད་མི་དགོས་པར། སྙན་ངག་འབྲི་བ་ཁོ་ནའི་ཆེད་དུ་དུས་ཚོད་ཟད་དུ་འཇུག་དགོས་ཚེ། ངའི་སྙན་ངག་འབྲི་བའི་ཚོར་བ་དེ་དང་སྟོབས་དེའང་མི་རིང་བར་ཉམས་འགྲོ་སྲིད་སྙམ།
གསར་འགོད་པ། དེའི་རྒྱུ་མཚན་ཅི།
ཨེལ་ཡ་ཐི། དངུལ་ཁང་དུ་ལས་ཀ་གཉེར་བའམ། དཔེ་སྐྲུན་གྱི་ལས་རིགས་སོགས་གང་ཡིན་ཡང་ང་ལ་ཕན་ཐོགས་ཡོང་གི་འདུག དེ་ལས་གཞན་རང་ལ་རྩོམ་འབྲི་བའི་སྐབས་མང་པོ་མི་འབྱུང་བས། ཡོད་མ་ཐག་ཏུ་རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་དུས་ཚོད་ཆུད་དུ་ཟར་མི་འཇུག་པ་ཡོང་ཐུབ། ང་སྐྲག་ཡོང་ས་དེ་ནི་མང་པོ་ཞིག་འབྲི་མི་ཐུབ་པ་མིན་པར། དོན་གཞན་ལས་རྒྱུ་མེད་པར་སྙན་ངག་རིང་པོ་ཉོག་ཆེ་བ་མང་པོ་བྲིས་ནས་གད་སྙིགས་བཟོ་བ་དེ་རེད། དེ་ལ་ཉེན་ཁ་ཆེན་པོ་འདུག
གསར་འགོད་པ། ད་ལྟ་ཁྱེད་ཀྱིས་ཨིན་ཇི་དང་ཨ་མེ་རི་ཁའི་སྙན་ངག་པ་གཞོན་ནུ་དག་དང་གྱེས་ཕྱག་འབུལ་སྙམ་འདུག་གམ།
ཨེལ་ཡ་ཐི། ད་ལྟ་ད་དུང་དེ་འདྲ་བསམས་ཀྱི་མི་འདུག སྔོན་ཆད་དུས་དེབ་གཉེར་སྐབས་སྙན་ངག་པ་གསར་སྐྱེས་དག་ལ་དཔྱད་པ་བཏང་ཞིང་སྐུལ་མ་བྱས། ཡིན་ནའང་ལོ་ན་རྒས་པ་དང་མཉམ་དུ་དཔྱོད་པའི་ཚད་ཐིག་དེའང་དེ་འདྲ་ཡག་པོ་ཐིག་པོ་ཞིག་འཁྱོངས་ཀྱི་ཡོད་མེད་དོགས་པ་ཟ་ཡི་འདུག ད་ལྟ་སྙན་ངག་ཡག་པོ་ཞིག་མཐོང་ཚེ་གཞོན་རབས་སྙན་ངག་པ་དཔྱོད་པ་ཅན་ཁ་ཤས་ལ་བསྟན་ནས་ཡག་མིན་སྐད་ཆ་དྲིས་པ་ཡིན། ཁོ་ཚོས་དེ་འདྲ་མཐོང་དུས་ཀྱང་ང་ལ་བསྟན་ཡོང་གི་འདུག ཧ་ལམ་རྒན་གཞོན་དཔྱོད་པ་ཅན་གཉིས་ཀའི་གདེང་འཇོག་ཐོབ་པའི་སྙན་ངག་དེ་ཡག་པོ་ཞིག་ཡོད་མིན་འགྲོ། ང་ལ་ཕ་རོལ་པོ་བས་མཐར་གཅོད་པའི་བློ་གང་ཡང་མེད། དེའི་རྒྱུ་མཚན་ང་རང་གི་སྙན་ངག་དག་གསར་དུ་སྤེལ་དུས་ཀྱང་གཞན་གྱིས་བས་མཐར་གཅོད་མྱོང་བས་ཡིན།
གསར་འགོད་པ། སྙན་ངག་གི་འབྲི་ལུགས་གསར་བརྗེ་བའི་ཕྱོགས་ལ་ལྟ་ཚུལ་ག་འདྲ་འདུག
ཨེལ་ཡ་ཐི། ལོ་བཅུ་རེའི་ནང་ལ་གསར་བརྗེ་རེ་བྱུང་ན་ག་ལ་འདོད་དེ་མི་འདོད། སྙན་ངག་པས་སྲོལ་རྒྱུན་གྱི་འབྲི་ཐབས་དོར་ནས་ཡུད་ཙམ་ཕྱིན་རྗེས། ཁ་ཤས་ཀྱིས་འབྲི་ཐབས་དེ་སླར་སྤྱད་ནས་ཚོད་ལྟ་བྱེད་པ་ཆོས་ཉིད་རེད། གལ་སྲིད་དེ་ལ་སྔར་མེད་པའི་ཉམས་གསར་པ་བདོག་ཚེ་སྙན་ངག་ཀྱང་ཡག་པོ་འཁྱོངས་པར་གདོན་མི་ཟ། ཀློག་པ་པོ་ཕལ་བ་དག་ནི་ཆོས་ཕལ་བ་དག་ལ་དགའ་བས་ཁོ་ཅག་གིས་དེ་འདྲ་ཞིག་མཐོང་བ་དང་ངེས་པ་དོན་གྱི་སྙན་ངག་ལེགས་པོ་སླེབས་བྱུང་ཞེས་སྨྲ། ཁ་ཤས་དེང་རབས་ཀྱི་སྙན་ངག་ལའང་དགའ་པོ་བྱེད། ཡིན་ནའང་ངེས་པ་དོན་གྱིས་གསར་ཉམས་ལྡན་པའི་རྩོམ་གང་དེར་ཚོར་བ་དྲག་ཅིང་ཁོལ་བས་མི་ཕལ་བ་དག་གིས་དང་དུ་ལེན་དཀའ།
གསར་འགོད་པ། 1945ལོར་ཁྱེད་ཀྱིས་སྙན་ངག་པས་ཉེ་འགྲམ་གྱི་མི་དག་གིས་བཤད་པའི་སྐད་ཆ་རྒྱུ་ཆར་བྱེད་དགོས་ཞེས་དང་། སྙན་ངག་གི་དབྱངས་འགྲོས་ནི་ད་སྐབས་ཀྱི་ཁ་སྐད་དུ་གནས་ཡོད་ཅེས་གསུངས་ཤིང་། ཨིན་ཇིའི་རྒྱང་སྒྲོག་ལས་ཁུངས་ཀྱི་ཚད་ལྡན་གྱི་ཨིན་ཡིག་ལ་དགག་པ་མང་དུ་བྱས། ཉེ་བའི་ལོ་ལྔ་བཅུའི་རིང་དང་ཁྱད་པར་དུ་ལོ་ལྔའི་རིང་འདིར་ཚོང་ལས་ཀྱི་སྐད་ཆས་སྨྱན་ལམ་ལས་ང་ཚོའི་སྐད་ཆ་བདག་ཏུ་བཟུང་། འདིས་སྙན་ངག་པས་འཚོ་བའི་ནང་གི་ཁ་སྐད་སྤྱོད་པ་ལ་དཀའ་ལས་ཅི་ཡོད།
ཨེལ་ཡ་ཐི། དེང་རབས་ཀྱི་སྨྱན་བྱེད་ཀྱིས་མི་ཉུང་ངུ་ཞིག་གི་སྐད་ཆ་དེ་བཙན་གྱིས་འབངས་ཕལ་བའི་སྟེང་དུ་བཀལ་ཡོད། དེ་དངོས་གནས་གནད་དོན་ཆེན་པོ་ཞིག་རེད། གློག་བརྙན་གྱི་ཁ་བརྡས་མི་རྣམས་ལ་ཤུགས་རྐྱེན་ཅི་འདྲ་ཞིག་ཡོད་མེད་མི་ཤེས་ནའང་། སྒྲ་སྡུད་འཕྲུལ་ཆས་ཀྱི་སྟོབས་དེ་ལས་ཀྱང་ཆེ་བར་སྣང་།
གསར་འགོད་པ། ཁྱོད་ཀྱིས་རང་ཉིད་ཨ་རིའི་རྩོམ་རིག་གི་ཁོངས་སུ་འཇུག་དོན་ཅི།
ཨེལ་ཡ་ཐི། ངའི་སྙན་ངག་དེ་དག་སྐབས་དེའི་ཨིན་ཇིའི་སྙན་ངག་དག་ལས་ཨ་རིའི་སྙན་ངག་པ་དག་གི་རྩོམ་དང་འདྲ་ས་མང་། ཚོར་བའི་ཁུངས་གཏུག་ས་ནི་ཨ་མེ་རི་ཁ་ཡིན།
གསར་འགོད་པ། ལོ་བཅུ་བདུན་གྱི་སྔོན་ལ་ཁྱོད་ཀྱིས། སྙན་ངག་པ་གཟུ་བོ་ཞིག་གིས་རང་གི་སྙན་ངག་དག་ལ་རིན་ཐང་ཉམས་པ་མེད་པ་ཞིག་ཡོད་པར་དོགས་པ་ཟ། ཧ་ལམ་དེ་ལ་མི་ཚེ་གང་པོ་ཟད་དུ་བཅུག་ནའང་ཐོབ་བྱ་གང་ཡང་མེད་པའང་ཡོད་ཅེས་གསུངས། ད་ལྟ་དགུང་ལོ་བདུན་ཅུ་ལྷག་སོན་དུས་ཀྱང་དེ་ལྟར་སྙམ་གྱི་འདུག་གམ།
ཨེལ་ཡ་ཐི། སྙན་ངག་པ་གཟུ་བོ་ཁ་ཤས་རང་གི་སྙན་ངག་གི་རིན་ཐང་ལ་བློ་བརྟན་པོ་སྐྱེ་ཡི་ཡོད་ཀྱང་ཐང་མོད། ང་ལ་ནི་དེ་འདྲ་ཞིག་གཏན་ནས་མི་འདུག