གཉིས། སྤྱི་ཁྲིམས་ཨང480པ།
ཁང་པའི་ནང་ལས་པ་མན་གཱ་རམ(Mangaram Kashyap)གྱིས་ཐོག་དང་པོར་ཇེན་ལགས་ངོ་ཤེས་དུས་ནི་ལོ་ན་བཅུ་གསུམ་ལོན་པའི་དབྱར་གནང་སྐབས་ཡིན་པ་རེད། རི་ནང་ནས་ཡོང་བའི་དབུལ་ཁྱིམ་གྱི་བྱིས་པ་འདི་ལྡེ་ལེ་གསར་པ་རུ་ལས་ཀ་གཉེར་བའི་པ་ལགས་ལ་ལྟ་རུ་ཡོང་དུས་མ་བསམ་ས་ནས་ཇེན་ལགས་ངོ་ཤེས་ཤིང་ལོ་ན་སུམ་ཅུ་ལོན་མ་ཐག་པའི་ཇེན་གྱིས་ཧྥོར་རྡིའི་མ་དངུལ་བཀོལ་ཚར་བ་དང་དཔྱད་རྩོམ་ལ་མཁོ་བའི་དེབ་ཀྱང་ཧ་ཅང་མང་པོ་ཞིག་བཙལ་ནས་རྙེད་པར་གྱུར། དེ་ནས་ལོ་གཅིག་གཉིས་ཤིག་གི་རིང་ལ་ཁོ་རང་རྒྱ་གར་དང་བལ་ཡུལ་གྱི་མཐའ་མཚམས་སུ་བསྐྱོད་དེ་རི་ནང་དུ་གནས་པའི་བོད་ཀྱི་ཡུལ་གྱར་པ་དག་གི་འཚོ་བ་དང་ཁོ་ཚོས་ལག་གི་དེབ་ལ་སོགས་པར་རྒྱུས་བྱུང་སྟེ་སྤྱི་ལོ1968ལོར་རྒྱ་གར་དུ་ལོ་གསུམ་བསྡད་པའི་ཇེན་གྱིས་ཨ་རིའི་རྒྱལ་ཚོགས་དཔེ་མཛོད་ཁང་གི་ལྡེ་ལེ་གསར་པའི་ཐང་གི་གཞུང་ལས་ཁང་དུ་ཞུགས་རྒྱུའི་སེམས་ཐག་བཅད་ཅིང་ཐང་གི་གཞུང་ལས་ཁང་འདིའི་དམིགས་པ་གཙོ་བོ་ནི་སྤྱི་ཁྲིམས་ཨང480པ་ལག་ཏུ་བསྟར་རྒྱུ་དེ་རེད།
སྤྱི་ཁྲིམས་ཨང480པ་ལ་ཞིང་ལས་ཉོ་འཚོང་འཕེལ་རྒྱས་དང་རོགས་སྐྱོར་གྱི་ཁྲིམས་ཞེས་ཀྱང་འབོད་ཅིང་སྤྱི་ལོ1954ལོར་སྲིད་འཛིན་ཨེ་སིན་ཧོ་ཝེལ་གྱིས་མཚན་རྟགས་བཀོད་པ་ཞིག་ཡིན་པ་དང་ནང་དོན་ནི་ཨ་རི་ལ་ཡོད་པའི་ཞིང་ལས་དངོས་རྫས་ལྷག་མ་དག་གོང་དམའ་མོས་རྒྱལ་ཁབ་དབུལ་པོ་ལ་ས་ཆ་དེའི་དངུལ་ལོར་གྱིས་རྩིས་རྒྱག་རུང་བ་ཞིག་བྱས་ནས་འཚོང་ཆོག་པ་དང་། སྲིད་འཛིན་རིམ་པ་རེ་རེས་ཇེ་ལེགས་སུ་བཏང་མཐར་ཁྲིམས་འདི་ལས་བྱུང་བའི་ཞི་བདེའི་ཕྱིར་གྱི་བཟའ་བཅའ(Food for Peace)ཞེས་པའི་ལས་གཞི་ཞིག་བྱུང་བ་ཨ་རིས་གཞན་ལ་འབྲུ་རིགས་ཀྱིས་རོགས་སྐྱོར་གནང་བའི་ཐབས་ལམ་གཙོ་ཤོས་སུ་གྱུར་ཏེ་ལོ་རབས་དྲུག་ཅུ་དང་བདུན་ཅུའི་ནང་ཨ་རི་ལ་རྒྱ་གར་གྱི་དངུལ་ལོར་སྤྱོད་ཚད་ཀྱི་བཅུ་ཆའི་གཅིག་དབང་ཡོད་པ་རེད།
རྒྱལ་ཁབ་གཞན་གྱི་དངུལ་ལོར་ལྷག་མ་དག་སྤྱོད་ཆེད་མེ་ཤེ་ཀེན་གྱི་སྤྱི་གྲོས་ཚོགས་མི་ཇོན་ཏིན་གེལ(John Dingell)གྱིས་སྤྱི་ལོ1958ལོར་ཁྲིམས་འདི་ལ་ཚན་པ་གསར་པ་ཞིག་བསྣན་པ་ནི་ཨ་རིའི་རྒྱལ་ཚོགས་ཀྱི་དཔེ་མཛོད་ཁང་ལ་འབྲུ་རིགས་བཙོང་བའི་དངུལ་གྱིས་ས་གནས་དེ་གའི་དཔེ་ཆ་ཉོས་ཆོག་པའི་དབང་ཆ་སྤྲད་པ་དེ་རེད།
ཁྲིམས་ཚན་གསར་པ་འདི་ལག་ཏུ་བསྟར་ཕྱིར་རྒྱལ་ཚོགས་དཔེ་མཛོད་ཁང་གིས་རྒྱ་གར་གྱི་ལྡེ་ལེ་གསར་པ་དང་ཧིན་རྡུ་ཉི་ཤི་ཡའི་ཡ་ཅ་ཏ་ལ་སོགས་པ་རུ་ཐང་གི་གཞུང་ལས་ཁང་དྲུག་བཙུགས་ཤིང་ལྡེ་ལེ་གསར་པའི་གཞུང་ལས་ཁང་གིས་སྤྱི་ལོ1962ལོ་ནས་རྒྱལ་ཚོགས་དཔེ་མཛོད་ཁང་དང་ཨ་རིའི་ས་ཁོངས་ཀྱི་ཞིབ་འཇུག་རང་བཞིན་གྱི་སློབ་ཆེན་དཔེ་མཛོད་ཁང་ཉི་ཤུ་ལ་དཔེ་དེབ་ཉོ་བའི་མགོ་བཙུགས།
ཁྲིམས་ཚན་གསར་པ་དེ་རུ་ཐང་གི་གཞུང་ལས་ཁང་གིས་ངེས་པར་དུ་དེབ་ལོ་གཉིས་ཀྱི་ནང་ལ་ས་གནས་དེ་གར་པར་ཏུ་བཏབ་པ་དག་ཉོ་དགོས་ཞེས་འཁོད་ཡོད།
ཁྲིམས་ཚན་གསར་པ་དེ་རུ་དཔེ་དེབ་ཀྱི་སྐད་རིགས་དང་དེས་མཚོན་པའི་རིག་གནས་དང་དེ་འབྲི་བའི་དུས་ཚོད་བཅས་ལ་གཏན་འཁེལ་གང་ཡང་བྱས་མེད། སྤྱི་ལོ1968ལོར་དགུང་ལོ་སོ་གཉིས་ལ་ལོན་པའི་སྐུ་ཞབས་སི་མི་སི་ཡིས་བོད་ཀྱི་ཞིབ་འཇུག་གི་འབུམ་རམས་པའི་སློབ་གཉེར་བསྐྱུར་ཏེ་ལྡེ་ལེ་གསར་པའི་ཐང་གི་གཞུང་ལས་ཁང་གི་དཔེ་དེབ་དོ་དམ་པ་ཞིག་ཏུ་གྱུར་ཅིང་ཁོའི་དམིགས་ཡུལ་ནི་རྒྱ་གར་དུ་གནས་པའི་བོད་ཀྱི་ཡུལ་གྱར་པ་དག་གི་བོད་ཡིག་དཔེ་རྙིང་རྩ་ཆེན་དག་ས་གནས་དེ་གའི་དཔར་ཁང་ནས་བསྐྱར་དུ་དཔར་རྗེས་སྤྱི་ཁྲིམས་ཨང480ཡི་མ་དངུལ་གྱིས་ཨ་རིའི་དཔེ་མཛོད་ཁང་ལ་དཔེ་ཆ་གསར་པ་འདི་དག་ཉོ་རྒྱུ་དེ་རེད།
བླ་མ་བདེ་སྲུང་རིན་པོ་ཆེ་ཡི་འོས་སྦྱོར་ཡི་གེ་ཡོད་པས་སྐུ་ཞབས་སི་མི་སི་ལ་རྒྱ་གར་དུ་བཞུགས་པའི་བོད་ཀྱི་བླ་གྲྭ་དག་གི་ཡིད་ཆེས་ཐོབ་སྟེ་ཁོ་ཚོ་རང་རང་སོ་སོའི་དེབ་དག་ཁྱེར་ཡོང་ནས་བསྐྱར་དུ་དཔར་ལ་འདེབས་སུ་བཅུག ཁོ་རང་རྒྱ་གར་གྱི་རི་དང་ནགས་ལ་གནས་བཅས་པའི་བོད་པའི་ཡུལ་གྱར་པ་དང་བྲག་ཁུང་ལ་སོགས་པར་ཕྱིན་ཏེ་རྙེད་པའི་དེབ་རྩ་ཆེན་དག་ལྡེ་ལེ་གསར་པ་ནས་པར་དུ་བཏབ་ཅིང་རྒྱ་གར་གྱི་བོད་ཡིག་གི་དཔེ་འཚོང་ཁང་དག་ཏུའང་བོད་ཡིག་གི་དེབ་རྙིང་རྩ་ཆེན་དག་དཔར་ཁང་ཆུང་ངུ་དག་ནས་བསྐྱར་དུ་དཔར་བར་བསྐུལ་ཞིང་གལ་ཏེ་དཔར་ཡག་པོ་བྱུང་ན་ངས་ཚང་མ་ཉོ་ཆོག་ཅེས་གང་སར་བསྒྲགས། དངོས་བཤུས་གློག་བརྙན《གློག་གི་དྷརྨ》ཞེས་པར་ལྡེ་ལེ་ཡི་བོད་པ་ཚང་མ་སྟེ་ཐ་ན་ལྭ་བ་འཚོང་བའི་ཚོང་པ་ཆུང་ངུ་དག་གིས་ཀྱང་ཨ་རིའི་སྐྱེས་པ་གཟུགས་རིང་ཞིག་གིས་བོད་ཡིག་གི་དེབ་དག་ཉོ་བཞིན་ཡོད་པ་ཤེས་པས་ཚང་མས་དེབ་རེ་རྙེད་ན་ཇེན་སི་མི་སི་ཡི་མདུན་ལ་ཁྱེར་ནས་དེབ་དེ་དཔར་རིན་ཡོད་མེད་འདྲི་བར་བྱེད།
དེབ་རེ་རེ་པར21དཔར་རྗེས་དེབ20ཨ་རིའི་ཞིབ་འཇུག་རང་བཞིན་གྱི་དཔེ་མཛོད་ཁང་དག་ཏུ་སྐུར་བ་དང་ཤུལ་གྱི་དེབ་གཅིག་པོ་སྐུ་ཞབས་སི་མི་སི་ཁོང་སྒེར་གྱིས་གཉེར་བ་རེད། རྒྱལ་ཚོགས་དཔེ་མཛོད་ཁང་གི་ཐག་གཅོད་བཞིན་དེབ་རེ་རེ་ལ་ངེས་པར་དུ་འགོ་བརྗོད་དགོས་ཀྱི་ཡོད་སྟབས་འབུམ་རམས་པ་ཇེན་སི་མི་སི་ལགས་ཀྱིས་བོད་ཞིབ་འཇུག་གི་འབུམ་རམས་པའི་བསླབ་གནས་དོན་དུ་གཉེར་མ་ཐུབ་པར་མི་ཚེའི་རིང་ལ་བྲིས་པའི་དཔྱད་རྩོམ་དག་ནི་ཤོག་བུ་གསར་པ་ལ་དཔར་བའི་རྩོམ་ཡིག་རྙིང་པ་དག་ལ་བྲིས་པའི་འགོ་བརྗོད་དེ་དག་ཡིན་ཞིང་དེབ་དཔར་བ་ནས་ཨ་རི་ལ་སྐུར་བའི་བར་དུ་ཉིན་ཁ་ཤས་ལས་མེད་པར་ཉིན་མོ་ལས་ཀ་ཙག་ཙིག་གིས་རྩོམ་འབྲི་ཁོམ་མེད་པས་ཁོ་རང་ཉིན་རེའི་ཞོགས་པ་ཆུ་ཚོད་བཞི་པ་ཙམ་ལ་ཡར་ལངས་ནས་ཁྱིམ་གྱི་ཡིག་གཏག་འཕྲུལ་ཆས་ལས་ཐྲག་ཐྲག་ཁྲོག་ཁྲོག་གིས་འགོ་བརྗོད་རེ་རེ་ཡི་གེར་གཏག་པ་རེད།
མཁས་པ་གཞན་གྱི་འགོ་བརྗོད་དང་མི་འདྲ་བར་ཇེན་གྱི་འགོ་བརྗོད་འདི་དག་གི་ཆ་ཤས་ཤིག་ནི་ནམ་ཡང་དཔེ་མཛོད་ཁང་རིག་པའི་ཆ་ཡིན་པ་རེད་དེ་རྒྱ་གར་གྱི་ཞོགས་པར་ཐང་གི་གཞུང་ལས་ཁང་གི་དཔེ་དེབ་དོ་དམ་པས་ཨ་རིའི་ས་གནས་ཡོངས་ཀྱི་དཔེ་དེབ་དོ་དམ་པ་ལ་དེབ་འདི་ཚིག་རྐང་གང་དང་རིགས་གང་དང་རྩོམ་པ་པོ་གང་གི་ཁོངས་སུ་བསྡུ་ཆོག་ཅེས་བྲིས་ཡོད་པ་རེད། ཚན་པ་འདི་འབྲི་དུས་བོད་ཀྱི་བླ་མ་དག་གིས་ཚེ་གཅིག་རིང་ཡུལ་དུས་མི་འདྲ་བ་ལ་མཚན་ཀྱང་མི་འདྲ་བ་མང་པོ་འདོགས་ཀྱི་ཡོད་པས་ནུབ་ཕྱོགས་ཀྱི་དཔེ་དེབ་དོ་དམ་པ་འདིས་དེབ་འདི་བླ་མ་དེའི་མཚན་གྱི་རྣམ་གྲངས་གང་གི་ཁོངས་སུ་བསྡུ་བ་ལ་དཀའ་ངལ་འཕྲད་ཀྱི་ཡོད་ཅིང་། ཇེན་གྱིས་དཀའ་ངལ་འདི་སེལ་བའི་ཕྱིར་བླ་མ་གང་དེའི་བརྒྱུད་པ་དང་ཁོ་དང་གྲུབ་མཐའ་གཞན་དག་གི་འབྲེལ་བ་དང་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཆོས་སྲིད་ཀྱི་རྩ་དོན་དང་བོད་ཀྱི་རིག་གནས་ལོ་རྒྱུས་དང་འཛམ་གླིང་ལོ་རྒྱུས་སྟེང་གི་བོད་ཀྱི་གནས་བབ་ལ་སོགས་པར་ཉམས་ཞིབ་གནང་དགོས་བྱུང་ཡོད།
ཁོས་སྤྲོ་སེམས་བརྟས་པའི་ངང་ནས་འཇམ་མགོན་ཀོང་སྤྲུལ་ལྟ་བུའི་མཁས་ཆེན་དང་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་དང་རྙིང་མ་པ་དང་ས་སྐྱ་པ་དང་དུས་རབས་དཀྱིལ་མའི་བོད་ཀྱི་རི་མོའི་སྒྱུ་རྩལ་ལ་སོགས་བོད་ཀྱི་རིག་གནས་དང་ལོ་རྒྱུས་ཀྱི་ཟ་ཟུར་དང་དུས་སྔ་ཕྱི་སོགས་མ་འདུས་པ་མེད་པ་ནུབ་ཕྱོགས་སུ་སླེབས་པའི་བོད་ཀྱི་ཡིག་ཆ་དང་རྒྱ་གར་དུ་ཡོད་པའི་བོད་ཀྱི་ཡིག་ཆ་དང་གཞན་ཡང་ཁོས་བླ་མ་ཆེ་གེ་མོ་དང་ཞལ་བརྡ་གནང་བའམ་མཁས་པ་གང་ཞིག་ཁོའི་མདུན་ལ་བཅར་ནས་བཤད་པ་ལ་སོགས་གཞི་བྱས་ནས་འགོ་བརྗོད་དུ་བྲིས་ཡོད། རིག་པ་གསར་པ་ཞིག་གི་ཆ་ནས་ཁོ་ལ་དཔྱད་གཞིར་རུང་བའི་ཡིག་ཆ་མང་པོ་མེད་པས་ཁོས་ཡིད་ཆེས་ཀྱི་གཞི་རུ་འཛིན་པ་ནི་ཁོས་བདེ་སྲུང་རིན་པོ་ཆེ་དང་ཞལ་བརྡ་གནང་བའི་རེག་ཟིག་དེབ་སྔོན་པོ་ཞིག་ཡོད་པ་དེར་གྱུར་པས་སི་ཡ་ཐལ་གྱི་ཞོགས་ཀའི་བློ་སྦྱོང་ལས་ཐོབ་པའི་ཚིག་ཀ་ཐར་ཐོར་འདི་དག་ལྡེ་ལེ་གསར་པ་རུ་བོད་ཅེས་པ་འདི་དེང་རབས་ཀྱི་རིག་པའི་འཇུག་ཡུལ་གསར་པ་ཞིག་ཏུ་གྱུར་པའི་རྨང་རྡོ་རུ་འགྱུར་བ་སུས་དཔོག་སྲིད་དམ།
ཐོག་མའི་ལོ་འགའི་རིང་ལ་ཇེན་ནི་ཐང་གི་གཞུང་ལས་ཁང་གི་འཕྲལ་གྱི་ལས་ཀ་པ་ཞིག་ཡིན་པས་འགོ་བརྗོད་བྲིས་ཚར་བ་དང་རང་གི་མིང་འགོད་ཆོག་གི་ཡོད་ནའང་མི་རིང་བར་ཁོ་རང་གཞུང་གི་ལས་ཀ་པ་ཞིག་ཏུ་གྱུར་རྗེས་སྲིད་གཞུང་སྡེ་ཁག་གི་གཏན་འཁེལ་ཇི་བཞིན་མིང་འགོད་ཐུབ་ཀྱི་མེད་པར་འགོ་བརྗོད་བྲིས་ཚར་རྗེས་རྒྱལ་ཚོགས་དཔེ་མཛོད་ཁང་གིས་བརྩམས་ཞེས་འབྲི་དགོས་བྱུང་། དེ་ཡིད་ཕངས་པ་ཞིག་རེད་དམ། གལ་སྲིད་སྐུ་ཞབས་སི་མི་སི་རིམ་པ་དམ་དྲག་ཆེ་བའི་ཞིབ་འཇུག་པའི་སྡེ་རུ་ཡོད་ཚེ་ཁོས་དཔྱད་རྩོམ་ཅི་ཙམ་གྱིས་འབུམ་རམས་པའི་བསླབ་གནས་ལོན་པ་དང་ཅི་ཙམ་གྱིས་དགེ་རྒན་གྱི་ལས་ཀ་ལེན་ཐུབ་པ་དང་ཅི་ཙམ་ལ་རིག་པའི་སྡེ་རུ་མཁས་པའི་གོ་མིང་ཐོབ་ཐུབ་པ་སོགས་དཔྱད་རྩོམ་ཅི་ཙམ་ཞིག་འབྲི་དགོས་ཀྱི་རིག་པ་སྐྲ་རྩེ་ནས་རྒྱུ་སྲིད་མོད། དཔེ་དེབ་དོ་དམ་པ་འཁོས་ཆུང་བ་འདིས་རང་གིས་འགོ་བརྗོད་ཅི་ཙམ་ཞིག་བྲིས་པ་གཏན་ནས་མི་ཤེས་ཏེ་ཁོ་ལ་གལ་ཆེ་བ་ནི་འགོ་བརྗོད་ཅིག་མགྱོགས་པོར་བྲིས་ཚར་རྗེས་དཔར་ཁང་དུ་སྐྱེལ་བ་དེ་འབའ་ཞིག་རེད།
སྤྱི་ཁྲིམས་ཨང480ཡི་མ་དངུལ་གྱིས་ཉོས་པའི་བོད་ཡིག་དཔེ་དེབ་མང་ཆེ་ཤོས་སློབ་ཆེན་གྱི་དཔེ་མཛོད་ཁང་དག་གི་གྲུ་ཟུར་དག་ཏུ་སྦས་ཏེ་ཀློག་མཁན་ཆེས་ཆེར་མེད་པའི་ཚུལ་དུ་ཡོད་མོད་ཇེན་ལགས་ཀྱི་འགོ་བརྗོད་དག་སྐད་གྲགས་ཆེ་རུ་རྒྱས་པའི་ཚུལ་ནི་སྤྱི་ལོ2001ལོར་དཔར་འཕྱི་བའི་འགོ་བརྗོད་ཀྱི་ཕྱོགས་བསྡུས་དེབ《བོད་ཡིག་ཡིག་ཆའི་ཀློང་དུ》(Among Tibetan Texts)ཞེས་པའི་འགོ་བརྗོད་དུ་ཧྥུར་ཅི་ཉི་ཡའི་མངའ་སྡེའི་སློབ་ཆེན་གྱི་བོད་རིག་པའི་སློབ་དཔོན་ཆེན་མོ་ཁུར་ཏི་སི་སི་ཁེ་ཧྥེར(Kurtis Schaeffer)ལགས་ཀྱིས“བོད་རིག་པའི་མཁས་པ་ཕལ་མོ་ཆེས་འགོ་བརྗོད་འདི་དག་གི་མ་ཡིག་བཀླགས་ཐུབ་མེད་པར་བསྐྱར་པར་ཡང་པར་བརྒྱབ་ནས་ཀུན་ལ་ཁྱབ་པ་རེད། ལོ་རབས་བརྒྱད་ཅུ་པའི་མགོར་བསྐྱར་དུ་པར་བའི་འགོ་བརྗོད་དེ་དག་ཝ་ཧྲིན་ཊོན་གྱི་སི་ཡ་ཐལ་ནས་ཧྥུ་ཅི་ཉི་ཡ་མངའ་སྡེའི་ཤཱ་རི་ཏི་གྲོང་བརྡལ་དང་། དབྱིན་ཊི་ཨན་ན་མངའ་སྡེའི་པུ་རུ་མེན་ཊོན་ནས་འཇར་མན་གྱི་པོན་དང་། ལྡེ་ལེ་གསར་པ་ནས་ཉིག་ཡོག་དང་། ཧན་པུར་གིར་ནས་ཀ་ཏི་མན་ཏུ་རུ་སླེབས”ཞེས་སྨྲས་པ་ཇི་བཞིན་ཚིག་ཉུང་ལ་དོན་འདུས་པའི་འགོ་བརྗོད་འདི་དག་བོད་ལ་ཞིབ་འཇུག་གནང་མཁན་དག་གིས་པར་དུ་བཏབ་སྟེ་གཅིག་ནས་གཅིག་ལ་བརྒྱུད་པའི་ཚུལ་འདི་ལ་བོད་རིག་པ་མཁས་ཆེན་བན་ཏེར་ཁིབ་ལགས་ཀྱིས་ཆོས་ལུགས་ཤིག་ལྐོག་ཏུ་དར་བ་དང་གཉིས་སུ་མི་འདུག་ཅེས་སྨྲས་ཡོད་པ་རེད།
སྤྱི་ལོ1985ལོ་ལ་སླེབས་དུས་སྐུ་ཞབས་སི་མི་སི་ལགས་ལྡེ་ལེ་གསར་པའི་གཞུང་ལས་ཁང་ནས་ཧིན་རྡུ་ཉི་ཤི་ཡའི་ཡ་ཅ་ཏ་གཞུང་ལས་ཁང་དུ་སྤར་ཞིང་ཁོས་རྒྱལ་ཚོགས་དཔེ་མཛོད་ཁང་ལ་བོད་ཡིག་གི་དེབ་ཁྲི་ཕྲག་ལྷག་ཙམ་ཉོས་ཡོད་པ་རེད་ལ་དེ་བཞིན་ཁོ་རང་གི་སྒེར་གྱི་དཔེ་མཛོད་ཁང་དུའང་དེབ་ཁྲི་ཕྲག་ལྷག་ཙམ་བསགས་ཡོད་པ་རེད།
གསུམ། བོད་ཡིག་གི་དཔེ་ཆའི་ཁྲོད་དུ།
རྒན་པོ་སི་མི་སི་ལགས་ཀྱིས་ཁྱིམ་ཐབ་བཟུང་མེད་ལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་མི་སྣའི་ཐོབ་དང་གོ་ས་ལོངས་སུ་སྤྱོད་བཞིན་སྲིད་གཞུང་གིས་གོ་སྒྲིག་གནང་བའི་ཁང་པ་ཆེན་པོ་གྱན་བདུན་ཅན་རྒྱ་གར་གྱི་སློབ་གསོའི་དབུ་གཙོ་དང་ཁྱིམ་མཚེས་སུ་བསྡད་ཡོད། ཁང་པ་གྱན་རེ་རེའི་ཕྱོགས་བཞི་པོར་བོད་ཡིག་གི་དེབ་སྤུངས་བསྡད་ཡོད་པ་འདི་ནི་རྒན་པོ་སི་མི་སི་ཡི་སྒེར་གྱི་དཔེ་མཛོད་ཁང་དང་འཛམ་གླིང་སྒང་ཆེས་ཆེ་བའི་བོད་ཡིག་གི་དཔེ་མཛོད་ཁང་ཡིན་པ་རེད་ལ། ལོ་རེ་རེའི་ཉིན་རེ་རེར་ཁང་པ་ཆེན་པོ་འདིའི་སྒོ་ཀུན་ལ་ཕྱེས་ཏེ་འཛམ་གླིང་ཡུལ་གྲུ་སོ་སོ་ནས་ཕེབས་པའི་བླ་གྲྭ་དང་མཁས་པ་དང་སྲིད་གཞུང་གི་ལས་ཀ་པ་གཅིག་རེ་གཉིས་རེའམ་ལན་རེར་བདུན་ཅུ་བརྒྱད་ཅུ་སོགས་མི་འདྲ་བ་སྤྱི་པའི་མོ་ཊ་ཆེན་པོ་ཞིག་ལས་འོངས་ཏེ་ཉིན་བཅུ་འམ་ཉི་ཤུ་ལྷག་ལ་སྡོད་པར་བྱེད་པ་དང་། ཁྱིམ་གཉེར་པ་མན་གཱ་རམ་ལགས་ཀྱིས་ཁང་པ་འདིར་ཉིན་གཅིག་ལའང་འགྲུལ་པ་མི་ཡོང་བ་གཅིག་ཀྱང་མེད་ལ་ཐག་རིང་གི་འགྲུལ་པ་དག་བོད་ཡིག་གི་དཔེ་ཆའི་ཁྲོད་དུ་ཉལ་སྡོད་ཀྱི་ཡོད་པ་རེད་ཅེས་སྨྲས་སོང་།
རྒན་པོ་སི་མི་སི་ལགས་ཞོགས་པ་ནམ་རྒྱུན་ཆུ་ཚོད་བཞི་ལ་ཡར་ལངས་ནས་ཉིས་ཐོག་གི་དཔེ་ཁང་དུ་ཡི་གེ་བསྒྱུར་བ་དང་རྩོམ་འབྲི་བ་དང་བསྒྲིགས་པ་སོགས་ཕྱག་ལས་གནང་ཞིང་། ཆུ་ཚོད་བདུན་དང་ཕྱེད་ཀར་མར་ནངས་ཇ་གསོལ་དུ་ཡོང་ནས་ཁྱིམ་དུ་སླེབས་པའི་འགྲུལ་པ་དག་དང་ཞལ་བརྡ་གནང་བ་དང་། ཆུ་ཚོད་བརྒྱད་པར་རྒན་པོ་སི་མི་སི་ལགས་རྒྱལ་ཚོགས་དཔེ་མཛོད་ཁང་གི་ལྡེ་ལེ་གསར་པའི་གཞུང་ལས་ཁང་དུ་གཞུང་ལས་ལ་ཕེབས་ནས་ཕྱི་དྲོ་ཆུ་ཚོད་བཞི་དང་ཕྱེད་ཀ་བར་དུ་སྡོད་པ་རེད། ཕྱི་དྲོ་ཆུ་ཚོད་ལྔ་པར་ཁོ་རང་སླར་ཉིས་ཐོག་གི་དཔེ་ཁང་དུ་ཕེབས་ནས་ཡི་གེ་བསྒྱུར་བ་དང་རྩོམ་འབྲི་བ་དང་བསྒྲིགས་པ་སོགས་ལས་ཀ་གནང་བ་དང་ཅུང་ཕྱིན་པ་དང་གཡོག་པོས་དགོང་དྲོའི་ཞལ་ལག་གི་གྲབས་མཛད་ཅིང་ཁང་པའི་ནང་དུ་ནམ་རྒྱུན་འགྲུལ་པ་མི་ཉུང་བ་ཡོད་པས་ཁྱིམ་དུ་མི་སུམ་བརྒྱ་ལྷག་གིས་ལྷན་དུ་དགོང་ཟས་གསོལ་ཐུབ་པའི་གསོལ་ཆས་ཡོད་པར་མ་ཟད་ཁོ་རང་སྐུ་སྒེར་ནས་འགྲོ་གྲོན་བཏང་སྟེ་མ་བྱན་དང་གད་བདར་བ་དང་ཁ་ལོ་པ་དང་ཁྱིམ་གཉེར་བ་སོགས་མི་དགུ་གླས་ཡོད་པ་རེད།
དགོང་ཟས་གསོལ་ཚར་རྗེས་སྐྱེད་མོས་ཚལ་དུ་སྤྲོ་ཚོགས་ཡོད་ཅིང་འགྲུལ་པ་དག་གིས་ཆོས་དང་རིག་པ་ཞིབ་འཇུག་གི་ཞལ་བརྡ་གནང་བ་དང་གཞས་གཏོང་བ་དང་བྲོ་འཁྲབ་པ་དང་མཉམ་དུ་གསོལ་བ་འདེབས་པ་སོགས་བྱེད་ཅིང་། མཚམས་རེར་ཨིན་ཊི་ལ་གན་དྷི་ཡང་སླེབས་ཡོང་ནས་གཏམ་བཤད་ཀྱི་ཡོད་མོད་རྒན་པོ་སི་མི་སི་ལགས་སྤྲོ་ཚོགས་སུ་ཅུང་ཙམ་ལས་མི་སྡོད་པར་ཉིས་ཐོག་གི་དཔེ་ཁང་དུ་བུད་འགྲོ་བ་རེད། དངོས་ཞུས་གློག་བརྙན《གློག་གི་དྷརྨ》ཞེས་པར་ཁོས་ཨ་རིའི་རྒྱལ་ཚོགས་དཔེ་མཛོད་ཁང་གིས་ང་ཚོ་རིག་གནས་འབྲེལ་འདྲིས་བྱེད་པའི་ཕོ་ཉར་འགྱུར་བའི་རེ་བ་བཅངས་ཡོད་པས་ངས་དེ་གར་ཨ་མེ་རི་ཁའི་ཤེས་པ་དང་རིགས་པ་ཅན་གྱི་འཚོ་བ་རོལ་བསྡད་པ་ཡིན་ཞེས་སྨྲས་སོང་། ཁོང་གི་ཁྱིམ་གཉེར་བ་མན་གཱ་རམ་གྱིས་ཁོ་རང་རྒྱ་གར་དུ་སྐུ་བཞུགས་པའི་ཉིན་རེ་རེར་གོང་གི་གོམས་སྲོལ་དེ་རྒྱུན་བསྐྱངས་ཡོང་བས་འཕྲུལ་ཆས་ཤིག་དང་འདྲ་ལ་ལས་ཀ་ལ་རྔམས་ཆེ་བ་ཞིག་ཡིན། ཁོ་རང་མི་གཟབ་ནན་ཆེ་བ་དང་ངོམ་སོ་བྱེད་པར་མི་དགའ་བ་དང་ཤིན་ཏུ་བརྩེ་བ་དང་ལྡན་པ་ཞིག་རེད་ཅེས་བཤད་སོང་།
ཁྱིམ་གཉེར་བ་མན་གཱ་རམ་གྱིས་སྐུ་ཞབས་ཇེན་སི་མི་སི་ལགས་མཐོང་ཐེངས་གཉིས་པ་ནི་ལོ་བཅུ་བཞི་ལ་སོན་པའི་དབྱར་ཁའི་གུང་གསེང་ཡིན་པ་རེད། རི་ལས་ཡོང་བའི་དབུལ་ཁྱིམ་གྱི་བྱིས་པ་འདི་སློབ་གྲྭ་ལས་འབུད་དགོས་པ་ལ་ཐུག་ཡོད་སྐབས་ཇེན་གྱིས་ཁོའི་སློབ་ཡོན་སྤྲད་ནས་ཡིག་གཏག་སློབ་གྲྭ་རུ་ཡི་གེ་གཏག་ཐབས་སྦྱང་བར་ཁྲིད་ཅིང་དེ་ནས་མཐར་ཕྱིན་རྗེས་ཡང་ལྡེ་ལེའི་སློབ་ཆེན་དུ་བསྐྱལ། སློབ་གྲྭ་ཆེན་མོ་ལས་ཐོན་རྗེས་མན་གཱ་རམ་སློབ་འབྲིང་གི་དགེ་རྒན་ཞིག་ཏུ་གྱུར་ཅིང་ཇེན་གྱིས་ཁོ་རང་ཁོང་གི་ཁང་པ་ཆེན་པོ་རུ་གནས་སྤར་ཏེ་དགེ་རྒན་ལས་གཞན་པའི་ལས་ཀ་གཉིས་པ་སྟེ་ཁྱིམ་གཉེར་བའི་ལས་ཀ་བསྒྲུབ་ཏུ་བཅུག ཁྱིམ་གཉེར་བ་འདིས་འགྲུལ་པ་ཡོང་ཐེངས་མང་བའི་ཁང་པ་འདི་ལ་བདག་བྱེད་དགོས་པར་མ་ཟད་བོད་ཡིག་གི་དེབ་ཁྲི་ཕྲག་ལོངས་པ་དེ་ལ་བདག་དམ་བྱེད་དགོས་ཀྱི་ཡོད་པས་སྐབས་དེར་མན་གཱ་རམ་གྱིས་ད་གཟོད་ཇེན་གྱིས་དང་ཐོག་རང་ཉིད་ཡིག་གཏག་སློབ་གྲྭར་སྐྱེལ་དགོས་པའི་དམིགས་པ་རྟོགས་སོང་།
1985ལོར་སྐུ་ཞབས་ཇེན་ལགས་རྒྱ་གར་དང་བྲལ་ནས་ཧིན་རྡུ་ཉི་ཤི་ཡའི་ཡ་ཅ་ཏའི་གཞུང་ལས་ཁང་དུ་གི་འགོ་གཙོ་རུ་བསྡད་ཅིང་ཁོས་ལྕགས་ཀྱི་སྒམ་ཤིན་ཏུ་ཆེན་པོ་ཞིག་གླས་ནས་བོད་ཡིག་གི་དེབ་དེ་དག་ལྡེ་ལེ་གསར་པ་ནས་ཡ་ཅ་ཏ་རུ་སྤར་བ་དང་མན་གཱ་རམ་ལགས་ཀྱང་ཡ་ཅ་ཏ་རུ་འཕུར་ཕྱིན་ནས་དེབ་གཅིག་རེ་གཅིག་རེ་བྱས་དོ་དམ་ཡག་པོ་བྱས་པ་རེད། སྤྱི་ལོ1994ལོར་ཇེན་ལགས་ཡང་ཨེ་ཅིབ་ཀྱི་ཁེ་རོ་ཡི་གཞུང་ལས་ཁང་གི་འགོ་གཙོ་རུ་སྤར་ཞིང་མན་གཱ་རམ་སླར་ཡང་ལྡེ་ལེ་གསར་པ་ནས་ཁེ་རོ་ལ་འཕུར་ནས་དཔེ་དེབ་དོ་དམ་བྱས།
1997ལོར་སྐུ་ཞབས་ཇེན་ལགས་ལས་འཁྱུར་ངལ་གསོས་ནས་ཨ་རི་ལ་ལོག་ཅིང་ལྕགས་ཀྱི་སྒམ་ཤིན་ཏུ་ཆེན་པོ་ཞིག་ཏུ་བོད་ཡིག་གི་དཔེ་དེབ་ཁྲི་ཕྲག་ལོངས་པ་དེ་བསྡུས་ནས་ཨ་རིའི་མཱ་སཱ་ཆུ་སེའི་གྲོང་བརྡལ་ཁམ་པུ་རི་སྒྲེ་ལ་སླེབས་ཤིང་མན་གཱ་རམ་ལགས་ལྡེ་ལེ་གསར་པ་ནས་མཱ་སཱ་ཆུ་སེ་ལ་འཕུར་ནས་དཔེ་དེབ་དོ་དམ་བྱས། ཇེན་ལགས་ཀྱིས་ཁམ་པུ་རི་སྒྲེ་རུ་ཁང་པ་ཐོག་བརྩེགས་གསུམ་ཅན་གོང་སླ་ལ་ཅུང་ཆུང་བ་ཞིག་གླས་ཤིང་གཡོས་ཁང་མ་ཡིན་པའི་ཁང་པ་ཐམས་ཅད་ལ་བོད་ཡིག་གི་དེབ་ཀྱིས་བཀང་བར་བྱས་པས། ཁོ་རང་གང་དུ་བསྡད་པའི་གནས་ཐམས་ཅད་དང་འདྲ་བར117 Ringe Ave རྟགས་ཅན་གྱི་ཁང་པ་འདི་ཡང་ཧར་བར་དེ་སློབ་ཆེན་གྱི་ལྷ་རིག་པའི་སྡེ་ཁག་དང་ཨེ་ཤེ་ཡ་ལྷོ་མའི་ཞིབ་འཇུག་གླིང་གི་སློབ་མ་དག་འཚོགས་ས་ཞིག་ཏུ་གྱུར་པ་རེད།
1999ལོར་མཱ་སཱ་ཆུ་སེའི་ཁམ་པུ་རི་སྒྲེ་རུ་གནས་པའི་སྐུ་ཞབས་སི་མི་སི་དང་ཧར་བར་དེ་སློབ་ཆེན་གྱི“བོད་དང་ཧི་མ་ལ་ཡའི་ཞིབ་འཇུག”ཕྱོགས་ཀྱི་སློབ་དཔོན་ཆེན་མོ་བན་ཏེར་ཁིབ་གཉིས་ཀྱིས“བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས”(TBRC)བཙུགས་ཤིང་། ལོ་དེར་ཇེན་ལགས་ཀྱི་སྒེར་གྱི་བོད་ཡིག་དཔེ་དེབ་ཁྲི་གཅིག་དང་སྟོང་གཉིས་ལྷག་ཡོད་པ་བོད་ལས་གཞན་པའི་དཔེ་མཛོད་ཁང་དང་བོད་ཀྱི་དགོན་པ་དག་ལས་ཀྱང་མང་བར་བསྡུས་ཡོད་པ་རེད། ལོ་ངོ་སུམ་ཅུ་ལྷག་རིང་གི་ངལ་བ་དང་ལྡེ་ལེ་གསར་པ་ནས་པོ་སི་ཊོན་དུ་སླེབས་པའི་རིང་དུ་ཤོག་ལྷེ་རྩ་ཆེ་བ་འདི་དག་ཀྱང་རིམ་གྱིས་སེར་པོར་གྱུར་ཅིང་ལྟེ་གནས་འདི་འདྲ་ཞིག་བཙུགས་པའི་ལས་འགན་གཅིག་པུ་ནི་ཇེན་གྱི་དཔེ་མཛོད་ཁང་འདི་གློག་རྡུལ་གྱི་ལམ་དུ་བསྒྱུར་ནས་རིན་ཅི་ཡང་མི་དགོས་པར་འཛམ་གླིང་གི་ཀློག་མཁན་ཐམས་ཅད་ཀྱིས་དྲ་བའི་སྒང(www.tbrc.org)ནས་ཀློག་ཐུབ་པ་ཞིག་ཏུ་བསྒྱུར་རྒྱུ་དེ་རེད།
2001ལོརTBRCལ་རུ་པིན(Rubin)ཐེབས་རྩ་ཚོགས་པའི་རོགས་སྐྱོར་ཐེབས་ནས་པོ་སི་ཊོན་ནས་ཉིག་ཡོག་ཏུ་གནས་སྤར། TBRCལ་འགོ་ཁྲིད་གནང་བའི་ལོ་ངོ་བཅུ་ལྷག་གི་རིང་ལ་ཇེན་ལགས་ཀྱིས་གཟབ་གཟབ་ངང་ཆབ་སྲིད་ཀྱི་ཕྱོགས་ཁག་གང་གིའང་ཤུགས་རྐྱེན་མི་ཐེབས་པ་ལ་གཡོལ་བཞིན་ཡོད་དེ་དེ་ནི་ཁོའི་གཅུང་མོ་རོ་སན་ནེ་ཡིས་སྨྲས་པ་བཞིན་ཁོ་ནི་ཆབ་སྲིད་མི་མཁྱེན་མཁན་ཞིག་མ་ཡིན་པར་ཆབ་སྲིད་ཀྱི་ཐབས་ཤེས་སྤྱད་ནས་དེ་ལ་གཡོལ་དགོས་ཀྱི་ཡོད་པ་རེད།
“ཇེན་ལགས་ཤེས་བྱའི་གནས་ཐམས་ཅད་ལ་སྤྲོ་བ་ཡོད་ཅིང་མི་ཐམས་ཅད་ལ་བརྩེ་བ་དང་ལྡན་མོད་ཕ་རོལ་པོའི་བཀག་རྒྱ་དང་མོས་པ་བསྟུན་འདོད་གཏན་ནས་མེད་པས་དེའི་ཕྱིར་ཁོས་གཉེན་སྒྲིག་དང་ཆབ་སྲིད་ལ་ཁ་ཡ་བྱེད་མ་འདོད་པ་རེད། ཆབ་སྲིད་སྐྱོང་མཁན་མང་པོས་ཁོ་རང་འགུག་འདོད་པ་ལྟར་བུ་མོ་མང་པོའང་ཁོ་ལ་དགའ་མྱོང་ཡོད་པ་རེད།” ཧིན་རྡུའི་གླིང་ཆེན་པ་ལི་ཡི་ཝུ་པུ་ས་ཆར་ང་རང་ར་ན་ཧེལ་མི(Rana Helmi)དང་འཕྲད་ཅིང་མོས་ཁོ་ཧྥེ་འཐུང་ས་རུ་ང་ལ་དེ་ལྟར་ལབ་ཅིང་ཅི་ཞིག་བོར་སོང་བའི་ཚུལ་བཟུང་འདུག ཧིན་རྡུའི་ཕྱི་འབྲེལ་དཔོན་པོའི་བུ་མོ་འདི་ལ་ལོ་རབས་བརྒྱད་ཅུའི་ནང་དུ་ཇེན་ལགས་ཀྱིས་རིན་མེད་པར་བོད་ཀྱི་ནང་བསྟན་ལོ་གཅིག་ལ་ཁྲིད་ཅིང་དེའི་ཕྱིས་ཀྱང་གཉིས་ཀ་རྒྱ་གར་དུ་ལན་མང་ཐུག་ཡོད་པ་རེད།
“འཇིག་རྟེན་འདིར་ཁོ་དང་བྲལ་རྗེས་སེམས་སྡུག་ལ་གཡང་ལ་ལྷུང་མཁན་དེ་ང་གཅིག་པུ་ག་ལ་ཡིན།”
2007ལོ་སྟེ་སྐུ་ཞབས་ཇེན་ལགས་དགུང་ལོ་དོན་གཅིག་ལ་སོན་པའི་ལོ་དེར་ཁྱིམ་ཐབ་དང་བྱིས་པ་གང་ཡང་མེད་པའི་ཁར་ལུས་པོའང་ཇེ་ཞན་ཇེ་ངན་དུ་གྱུར་ནའང་། ཁོ་རང་རྒྱ་གར་ལ་ལན་མང་དུ་བསྐྱོད་ནས་གློག་རྡུལ་དེབ་ཀྱི་ཤོག་ལྷེ་དུང་ཕྱུར་ལས་མང་བ་བཅུག་ཡོད་པའི་སྲ་སྡེར་འཁྱེར་བདེ་བ་དག་ཧི་མ་ལ་ཡའི་ཞབས་སུ་འཁོད་པའི་བོད་ཀྱི་དགོན་པ་སྟེ་དཔེར་ན་རྒྱ་གར་བྱང་ཕྱོགས་ཀྱི་སྨན་ཡུལ་བོན་ལུགས་ཀྱི་དགོན་པ་ལ་གནང་བ་རེད། དེ་བས་ཀྱང་ཁོ་ལ་སེམས་ཁུར་ཆེ་ཞིག་ཡོད་པ་ནིTBRCཡི་གློག་རྡུལ་གྱི་དེབ་ཏུ་བསྒྱུར་ཚར་བའི་ཤུལ་གྱི་དཔེ་དེབ་ཁྲི་ལོངས་པ་འདི་དག་གང་དུ་འཇོག་དགོས་པ་དེ་རེད། བྱང་ཨ་རིའི་དཔེ་མཛོད་ཁང་དག་ཡིད་ཕངས་པར་བྱས་པ་ཞིག་ལ་སྐུ་ཞབས་ཇེན་ལགས་ཀྱིས་བོད་ཡིག་གི་དེབ་དེ་དག་མ་ལུས་པར་ཁྲིན་ཏུའུ་ཡི་ལྷོ་ནུབ་མི་རིགས་སློབ་ཆེན་དུ་སྤྲད་པ་རེད། དངོས་བཤུས་གློག་བརྙན《གློག་གི་དྷརྨ》ཞེས་པར་ཇེན་ལགས་ཀྱིས་བོད་ལ་དབང་བའི་ཅ་ལག་དག་བོད་ཀྱི་ཡུལ་ལ་སྤྲོད་དགོས་ཞེས་སྨྲས་པ་རེད་ལ་ལྷོ་ནུབ་མི་རིགས་སློབ་ཆེན་འདེམས་དགོས་དོན་ཀྱང་གཅིག་ནས་བོད་ཀྱི་སློབ་མ་མི་ཉུང་བ་དང་གཉིས་ནས་ཁྲིན་ཏུའུ་དང་བོད་དབུས་གཙང་ཕྱོགས་དང་ཐག་ཉེ་བས་ཡུལ་གཞན་གྱི་མཁས་པ་དག་བཅར་བདེ་བའི་ཕྱིར་ཡིན་པ་རེད།
2008ལོའི་ཨོ་རྩལ་མ་བསྡུས་སྔོན་ལ་ལྕགས་ཀྱི་སྒམ་ཆེན་པོ་ཞིག་ཏུ་བཀང་བཀང་བར་བྱས་ཡོད་པའི་བོད་ཡིག་གི་དཔེ་དེབ་དག་ཉིག་ཡོག་ནས་ཁྲིན་ཏུའུ་རུ་སྤོར་གྲབས་ཡོད་སྐབས་བོད་ཀྱི་གནས་ཚུལ་ལ་འགྱུར་བ་ཆེན་པོ་བྱུང་བ་རེད།
2013ལོའི་མཇུག་ལ་ཆབ་སྲིད་ཀྱི་དབང་གིས་དུས་འགྱངས་བྱས་པའི་དཔེ་དེབ་གནང་བའི་འཆར་གཞི་དེ་ད་གཟོད་ལེགས་འགྲུབ་བྱུང་སྟེ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི“སི་མི་སི་བོད་ཀྱི་ཡིག་ཆ་ཁང”གིས་ཞི་བའི་ངང་ཀློག་པ་པོ་བསུས་ཡོད་པ་རེད། ལོ་དེར་སྐུ་ཞབས་ཇེན་ལགས་སྐུ་གཤེགས་ནས་ལོ་ངོ་གསུམ་ཕྱིན་ཚར་ཡོད་པ་རེད།(མུ་འགོད)