ཀྲུང་གོའི་བོད་ལྗོངས་དྲ་བ།>མི་སྣ།

ངེས་པ་དོན་གྱི་འབུམ་རམས་པ།__ཇེན་སི་མི་སི(E. Gene Smith)[༡]

2014-12-17 ཟླ་བ།
  སྤྱིར་ན་སྐུ་ཞབས་སི་མི་སི་ལགས་རིག་གཞུང་ཉམས་ཞིབ་ཀྱི་སྡེ་ཁག་གང་ལའང་མི་གཏོགས་ཤིང་འབུམ་རམས་པའི་བསླབ་གནས་ཀྱང་ཐོབ་མེད་ནའང་ལྡི་ལེ་གསར་པ་རུ་ཨ་རིའི་རྒྱལ་ཚོགས་དཔེ་མཛོད་ཁང་ལ་བོད་ཡིག་གི་དཔེ་རྙིང་འཚོལ་བའམ་ཡང་ན་མཱ་སཱ་ཆུ་སེ(Massachusetts)ཡི་ཁམ་པུ་རི་སྒྲེ(Cambridge)རུ་གནས་པའི་བོད་ཡིག་དཔེ་མང་སྤུངས་པའི་ཁྱིམ་དུ་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲ་བའི་ཕྱག་ལས་གཉེར་དུས་སམ། ཡང་ན་གྲོང་ཁྱེར་ཉིག་ཡོག་ཏུ་སྐུ་བཞུགས་དུས་སོགས་ནམ་ཡིན་ཡང་ཁོང་གི་ཁྱིམ་དུ་བོད་ཀྱི་བསྟན་བཅོས་དང་དཔེ་རྙིང་ཕྱོགས་ནས་ཁོང་ལ་བཀའ་འདྲི་ཞུ་བའི་སློབ་མ་དང་མཁས་པ་དང་ནང་བ་པ་མང་པོས་ཁེངས་ཡོད་པ་རེད། སྐུ་ཞབས་ཁོང་གིས་མི་ཚེ་གཅིག་རིང་ལ་དོན་གཅིག་ལས་བསྒྲུབས་མེད་ཀྱང་དོན་གཅིག་པོ་དེ་ལ་དོན་བརྒྱ་བསྒྲུབས་པའི་རིན་ཐང་ཡོངས་སུ་ལྡན་པ་རེད།
སྐུ་ཞབས་ཇེན་སི་མི་སི། (ཧྭང་ཡེ་ཡིས་བྲིས)
  རྩོམ་པ་པོ། ཧྲིན་ཏན་ཆི།
  བདག་གི་གྲོགས་པོRལགས་ཀྱིས་ཐོག་དང་པོར་སྐུ་ཞབས་ཇེན་སི་མི་སི(E. Gene Smith)ཡི་མཚན་ཐོས་པ་ནི་ཨོག་སི་ཧྥོར་རྡི་ཡི་སློབ་དཔོན་ཆེན་མོ་ཞིག་གིས་སྤེལ་བའི་བཟའ་མིའི་སྤྲོ་ཚོགས་ཤིག་གི་ཐོག་ཡིན་འདུག དེ་ནི་སྤྱི་ལོ2010ལོའི་ལོ་མཇུག་སྟེRགྱིས་ཨོག་སི་ཧྥོར་རྡི(Oxford)རུ་རྒྱ་གར་གྱི་ལོ་རྒྱུས་མཁས་པ་ཞིག་ཏུ་ཨེ་འགྱུར་གྱི་དམིགས་པ་འཆང་ནས་ལོ་རིམ་བཞི་པ་འདོན་བཞིན་ཡོད་པར། དེ་སྦྱངས་པ་ལ་སྐད་ཀྱི་ཆ་ནས་ལེགས་སྦྱར་སྐད་དང་རྒྱ་གར་གྱི་ཡུལ་སྐད་རེ་འགའ་དང་རིག་པ་ཡི་ཆ་ནས་བཀའ་བསྟན་གྱི་རིག་པ་དང་ལོ་རྒྱུས་རིག་པ་དང་ལྷའི་རིག་པ་བཅས་མཁྱེན་དགོས་ཀྱི་ཡོད་པས་སྔ་ནུབ་ཙམ་དང་ལོ་རེ་གཉིས་ལ་འཁྱོངས་པ་ཞིག་ཁྱོན་ནས་ཡིན་མི་འདུག ད་ལྟ་ལོ་ངོ་བཞི་ལྷག་ཕྱིན་ཚར་ཞིངRགྱིས་རབ་འབྱམས་པའི་བསླབ་གནས་གཉིས་པ་འདོན་བཞིན་གྲོང་ཁྱེར་པོ་སི་ཊོན(Boston)གྱི་ཉེ་འདབས་སུ་ཁང་པ་ཆུང་ངུ་ཞིག་གླས་ཏེ་སློབ་སྐབས་རེ་ལ་སློབ་ཚན་བརྒྱད་སྦྱོང་གི་ཡོད་ལ། ངེད་གཉིས་ངོ་འཕྲད་ཐེངས་རེ་རེར་ཟ་ཁང་གོང་སླ་ཤོས་དེ་བདམས་ཤིངRལགས་ཀྱིས་རྟག་པར་ཁོའི་འཚོ་བ་ཁེར་ཧྲེང་དང་ཐབས་ཆག་པ་ལ་ཀུ་རེ་དང་ཟུར་ཟ་བྱེད་ཅིང་ངས་ནི་ཁོའི་རིག་པ་སྦྱངས་པའི་ལམ་བུ་དེ་ཐོས་ནས་དང་བ་དང་སེམས་ཁུར་ཅིག་ཅར་དུ་སྐྱེ་དགོས་པ་བྱུང་།
  ལོ་བཞིའི་སྔོན་ལ་ཨོག་སི་ཧྥོར་རྡི་ཡི་སློབ་དཔོན་ཆེན་མོ་ཆར་ལེ་སི་རམ་པེལ(Charles Ramble)ལགས་ཀྱི་བཟའ་མིའི་སྤྲོ་ཚོགས་ཐོགRགྱིས་ཇེན་སི་མི་སི་ཡི་མཚན་ཐོག་དང་པོར་ཐོས་པ་ཡིན་འདུག སྐུ་ཞབས་རམ་པེལ་ལགས་ཀྱིས་སྐབས་དེར་སྐུ་ཞབས་སི་མི་སི་མཆོག་ལ་འདས་ཡིག་འབྲི་བཞིན་པ་ཡིན་འདུག་ལ་དེར་ཁོས་ཁོ་རང་སྐུ་ཞབས་སི་མི་སི་ལ་ཐོག་དང་པོར་འཕྲད་ཚུལ་དང་མ་གཞི་ཆུ་ཚོད་ཕྱེད་རིང་གི་ངོ་འཕྲད་འཆར་དེ་ཆུ་ཚོད་གསུམ་ལ་འགྱངས་དགོས་པ་བྱུང་ཚུལ། ཁོས་སྐུ་ཞབས་ཁོང་ལ་བོད་ཀྱི་ནང་བསྟན་གྱི་ཕྱོགས་ནས་དྲི་བ་ཟབ་མོ་བཏོན་པ་དང་སྐུ་ཞབས་ཁོང་གིས་ལན་ཤར་མར་བཏབ་པ་སོགས་ལ་ཕྱིར་དྲན་ཏེ་བཀོད་འདུག
  བསམ་ཡུལ་ལས་འདས་པ་ཞིག་ལ་ཏག་ཏག་སྐུ་ཞབས་ཁོང་གཅིན་སྙིའི་ནད་ཀྱི་གཙེ་བ་ལས་མ་ཐར་བར་ཚེ་འཕོས་པའི་ཉིན་དེར་ཧོལ་ལན(Holland)གྱི་ལེ་ཏེན་སློབ་གྲྭ་ཆེན་མོ(Leiden University)ཡིས་ཁོང་གིས་བོད་ཀྱི་ནང་བསྟན་ལ་བཞག་པའི་བྱས་རྗེས་ཁྱད་པར་ཅན་ལ་གཞིགས་ནས་ཁོང་ལ་འབུམ་རམས་པའི་བསླབ་གནས་བསྩལ་བའི་ཡི་གེ་ཞིག་སྤྲིངས་ཡོད་པ་རེད། དེའང་སྤྱི་ལོ1965ལོར་སྐུ་ཞབས་ཁོང་གིས་ལེ་ཏེན་སློབ་གྲྭ་ཆེན་མོ་ཡི་འབུམ་རམས་པའི་བསླབ་གནས་མཚམས་བཞག་སྟེ་རྒྱ་གར་དུ་བགྲོད་པའི་གྲུ་དལ་མོ་ཞིག་ཏུ་བསྡད་པ་ནས་སྤྱི་ལོ2010ལོའི་ལོ་མཇུག་ཁོང་ཚེ་དུས་བྱས་ཉིན་ཡི་གེ་དེ་འབྱོར་རག་བར་དུ་ལོ་ངོ་ང་བཅུ་ང་ལྔ་ཕྱིན་ཚར་བ་རེད།
  ཉིན་འགའི་རྗེས་སུ་ཉིག་ཡོག་གསར་ཤོག་ཏུ་ཁོང་གི་གྲོགས་པོ་མར་གཱ་ལིད་ཧྥོག་སི(Margalit Fox)ཡིས་སྤེལ་བའི་འདས་ཡིག་ཏུ“སྤྱིར་ན་སྐུ་ཞབས་སི་མི་སི་ལགས་རིག་གཞུང་ཉམས་ཞིབ་ཀྱི་སྡེ་ཁག་གང་ལའང་མི་གཏོགས་ཤིང་འབུམ་རམས་པའི་བསླབ་གནས་ཀྱང་ཐོབ་མེད་ནའང་ལྡེ་ལེ་གསར་པ་རུ་ཨ་རིའི་རྒྱལ་ཚོགས་དཔེ་མཛོད་ཁང་ལ་བོད་ཡིག་གི་དཔེ་རྙིང་འཚོལ་བའམ་ཡང་ན་མཱ་སཱ་ཆུ་སེ(Massachusetts)ཡི་ཁམ་པུ་རི་སྒྲེ(Cambridge)རུ་གནས་པའི་བོད་ཡིག་དཔེ་མང་སྤུངས་པའི་ཁྱིམ་དུ་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲ་བའི་ཕྱག་ལས་གཉེར་དུས་སམ། ཡང་ན་གྲོང་ཁྱེར་ཉིག་ཡོག་ཏུ་སྐུ་བཞུགས་དུས་སོགས་ནམ་ཡིན་ཡང་ཁོང་གི་ཁྱིམ་དུ་བོད་ཀྱི་བསྟན་བཅོས་དང་དཔེ་རྙིང་ཕྱོགས་ནས་ཁོང་ལ་བཀའ་འདྲི་ཞུ་བའི་སློབ་མ་དང་མཁས་པ་དང་ནང་བ་པ་མང་པོས་ཁེངས་ཡོད་པ་རེད”ཅེས་འཁོད་ཡོད་པ་རེད།
  སྐུ་ཞབས་སི་མི་སི་ཡི་ཚབ་ཏུ་འབུམ་རམས་པའི་བསླབ་གནས་དེ་ལེན་དུ་འགྲོ་མཁན་ནི་ཁོང་གི་མི་ལོ་སུམ་ཅུའི་རིང་གི་གྲོགས་དམ་པ་དང་ཧ་ཝར་ཌི་སློབ་ཆེན(Harvard University)གྱི་བོད་དང་ཧི་མ་ལ་ཡའི་ཞིབ་འཇུག་གི་སློབ་དཔོན་ཆེན་མོ་བན་ཏེར་ཁིབ(Leonard van der Kuijp)ལགས་ཡིན་པ་རེད། དེ་ཡང་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་དུས་མགོར་བལ་ཡུལ་གྱི་ཀ་ཏི་མན་ཏུ་རུ་གནས་པའི་ཧོལ་ལན་གྱི་གཞོན་ནུ་བན་ཏེར་ཁིབ་རྒྱ་གར་གྱི་ལྡེ་ལེ་གསར་པ་རུ་ཨ་རིའི་མངའ་སྡེ་ཡུག་ཐ(Utah)ཡི་མོར་མོན་པ(Mormonism)ཞེས་པའི་གྲུབ་མཐའ་སྐྱོང་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པའི་བོད་ཀྱི་ནང་བསྟན་གྱི་རྗེས་འཇུག་པ་སྐུ་ཞབས་སི་མི་སི་ལ་མཇལ་དུ་ཕྱིན། སྐབས་དེ་དུས་ནས་སྐུ་ཞབས་ཁོང་ལ་སློབ་དཔོན་ཆེན་མོ་དང་འབུམ་རམས་པའི་ཐོབ་དང་གོ་ས་ཅི་ཡང་མེད་ནའང་བོད་ཀྱི་རིག་པའི་གནས་ལ་མཁས་པའི་མཚན་སྙན་སྔ་མོ་ནས་ས་སྟེང་ཀུན་ལ་ཁྱབ་ཡོད་པ་རེད།
  དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་པའི་ནང་མཱ་སཱ་ཆུ་སེའི་ཁམ་པུ་རི་སྒྲེ་རུ་མཉམ་དུ་གནས་པའི་སྐུ་ཞབས་སི་མི་སི་དང་བན་ཏེར་ཁིབ་གཉིས་ཀྱིས“བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས”(Tibetan Buddhist Resource Centerགཤམ་དུ TBRCཞེས་བསྡུ་བར་བྱ)ཞེས་པ་བཙུགས་ཤིང་། སྤྱི་ལོ2007ལོར་སྐུ་ཞབས་སི་མི་སི་ཡིས་ཁོང་གིས་སྐུ་ཚེ་གཅིག་རིང་ལ་བཙལ་བའི་བོད་ཡིག་གི་ཡིག་ཆ་མཐའ་དག་སྟེ་བོད་མ་གཏོགས་པའི་འཛམ་གླིང་སྒང་ལ་བོད་ཡིག་གི་ཡིག་ཆ་ཆེས་མང་ཤོས་འདི་ཕྱིར་ཀྲུང་གོ་ལ་འབུལ་རྒྱུ་ཡིན་པའི་ཁ་ཆེམས་བཞག་ནའང་སྲིད་ཀྱི་འགྱུར་བའི་དབང་གིས་ཡུད་ཅིག་ལག་ལེན་དུ་བསྟར་མ་ཐུབ་པར་ལུས།
  སྤྱི་ལོ2013ལོ་སྟེ་སྐུ་ཞབས་ཁོང་ཚེ་ལས་འདས་ནས་ལོ་ངོ་གསུམ་ཕྱིན་པའི་རྗེས་སུTBRCཡི་འབད་པ་ལྷོད་མེད་ལ་བརྟེན་ནས་བཀའ་བསྟན་དང་བོན་གྱི་ཡིག་ཆ་དང་གཏེར་མ་ལ་སོགས་པ་དང་ཁྱད་པར་དུ་དཔར་མ་གཅིག་མ་གཏོགས་མེད་པའི་ཡིག་ཆ་རྩ་ཆེན་སོགས་འདུས་པའི་བོད་ཡིག་གི་ཡིག་ཆ་ཁྲི་གཅིག་དང་སྟོང་གཉིས་ལྷག་ཡོད་པ་མ་ལུས་པར་ཁྲིན་ཏུའུ་རུ་ཡོད་པའི་ལྷོ་ནུབ་མི་རིགས་སློབ་ཆེན་དུ་གནང་བ་དང་སློབ་གྲྭ་དེ་གའི་སི་མི་སི་བོད་ཡིག་ཡིག་ཆ་ཁང་དུ་འཛམ་བུའི་གླིང་གི་བོད་ཞིབ་འཇུག་པ་དང་བོད་ཀྱི་སློབ་མས་མཇལ་ཐུབ་ཡོད་པ་རེད། དེ་དང་དུས་མཚུངས་སུ་མཱ་སཱ་ཆུ་སེའི་ཁམ་པུ་རི་སྒྲེ་རུ་ཡིག་ཆ་དེ་དག་ཤོག་ལྷེ་ཐམས་ཅདTBRCཡིས་གློག་རྡུལ་ཅན་དུ་བཟོས་ཏེ་ལོ་རེ་རེར་མི་གྲངས་འབུམ་གཅིག་དང་ཁྲི་གཉིས་ལྷག་གིསTBRCཡི་དྲ་བ་ལས་ཡིག་ཆ་དེ་དག་མར་ལེན་ཐུབ་ཀྱི་ཡོད་པས་ན། ད་ལྟ་འཛམ་གླིང་སྟེང་བོད་ཡིག་གི་གློག་རྡུལ་དཔེ་མཛོད་ཁང་ཆེས་ཆེ་བ་དེ་ད་ལྟ་ཧར་བར་དེ་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་གིས་ཚགས་སུ་ཉར་ནས་དེའི་ཆ་ཤས་ཤིག་ཏུ་གྱུར་དང་འགྱུར་བཞིན་མཆིས་སོ། །
  2014ལོའི་དཔྱིད་ཀར་ང་རང་སློབ་དཔོན་བན་ཏེར་ཁིབ་འཚོལ་དུ་ཕྱིན་པར་བར་ཁྱམས་ནས་ངའི་གྲོགས་པོRལ་འཕྲད་པར་ཁོས་ང་ལ་སྐུ་ཞབས་ཇེན་སི་མི་སི་ལགས་ཀྱིས་ཚེ་འདིའི་རིང་ལ་དོན་མང་པོ་བསྒྲུབས་ཡོད་ཅེས་སྟབས་བདེ་ཙམ་སྨྲས་པ་དང་། སྐར་མ་འགའི་རྗེས་སུ་ངས་ཚིག་དེ་བན་ཏེར་ཁིབ་ལ་བཤད་པར་ཁོའི་མིག་ལ་མདངས་འཚེར་བཞིན་སྐུ་ཞབས་ཇེན་སི་མི་སི་ལགས་ཀྱིས་ཚེ་འདིའི་རིང་ལ་དོན་གཅིག་ཁོ་ན་བསྒྲུབས་ཡོད་ཅེས་སྨྲས་སོང་། དོན་གཅིག་ཁོ་ན་དེ་དོན་མང་པོ་ཞིག་ཡིན་སྲིད།

ལོ་རབས་དྲུག་ཅུ་པར་ཇེན་དང་ས་སྐྱ་བདག་ཆེན་གཉིས་སི་ཡ་ཐལ་དུ་བཞུགས་པ།
གཅིག འབུམ་རམས་པའི་འོས་མི།
  ལོ་ན་བཅོ་བརྒྱད་ལ་སོན་པའི་ལོ་དེར་མོར་མོན་པའི་རྗེས་འཇུག་པའི་ཁྱིམ་ཚང་ཞིག་གི་མི་རབས་ལྔ་པ་ཇེན་སི་མི་སི་ཡང་བྱིས་པ་ན་མཉམ་གཞན་དག་དང་འདྲ་བར་ཆོས་ཚོགས་ཀྱི་གཏན་འཁེལ་བ་བཞིན་ལོ་གཉིས་ལ་ཆོས་སྒྲོག་པའི་ལས་ཀར་ཞུགས་དགོས་ནའང་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོས་དད་པ་འདིའི་རྗེས་འབྲང་མཚམས་བཞག་སོང་། ཁོས་སེམས་ལ་རྒྱ་ལམ་ནས་སྐྱེ་བོ་ཆ་མེད་ཅིག་ལ་མོར་མོན་པའི་ཆོས་ཁོ་ན་ལས་གྲོལ་བ་ཐོབ་ཐུབ་པར་ཁ་ནས་བསྒྲགས་ཆོག་ནའང་སེམས་ནས་མི་གཞན་ལ་ཚེ་འདིར་ལམ་བུ་འདི་འདྲ་གུ་དོག་མོ་ཞིག་ལས་མེད་པར་ཡིད་ཆེས་པར་བྱེད་ཐབས་ཅིས་ཀྱང་ཡོད་མི་འདུག་པས་གཞན་ཕར་ཞོག་རང་གིས་རང་ཉིད་ཀྱང་ཡིད་ཆེས་སུ་འཇུག་ཐབས་མི་འདུག་སྙམ།
  ཇེན་སི་མི་སི་ནི་ཁྱིམ་འདིའི་ཕོ་ཁྱོ་ག་གཅིག་པུ་ཡིན་པ་དང་ཁོའི་ཡང་མེས་ཀྱི་ཡང་མེས་ཧེ་རུམ་སི་མི་སི(Hyrum Smith)ནི་མོར་མོན་པའི་ཆོས་ཀྱི་སྲོལ་འབྱེད་ཤིང་རྟ་པ་ཇོ་སེབ་སི་མི་སི་ཡི་གཅེན་པོ་ཡིན་པ་དང་ཧེ་རུམ་ཚེ་ལས་འདས་ཁར་ཆོས་བརྒྱུད་དེའི་ནང་དུ་ཤིང་རྟ་པ་ལས་དམན་ཙམ་གྱི་དབང་ཆ་ཟིན་ཡོད་པ་དང་ཁྱིམ་རྒྱུད་འདི་མོར་མོན་པའི་ཆོས་ཀྱི་ཕྱོགས་ལ་གོ་ས་མཐོ་བས་གལ་སྲིད་ཇེན་གྱིས་ཀྱང་སྔར་གྱི་ཁྱིམ་སྲོལ་ཇི་བཞིན་མོར་མོན་པའི་རྗེས་འཇུག་པ་ཞིག་མཛད་ན་དབང་དང་གོ་ཐོབ་ཅིག་རེག་ཐུབ་པའང་གདོན་མི་ཟ་བ་བཅས་ཀྱི་ཕྱིར་ཁོའི་སེམས་ཐག་དེ་ལྟར་བཅད་པ་དེས་ཁྱིམ་རྒྱུད་ནང་ཟིང་ཆ་མི་ཆུང་བ་ཞིག་བཟོས།
  ཇེན་ལགས་ལ་གཅུང་མོ་གསུམ་ཡོད་པར་གཉིས་ཀྱིས་ཁོ་རང་མོར་མོན་པའི་ཆོས་ལས་བུད་པ་ནས་བཟུང་ཁོ་ལ་ཁ་མ་གྲག་མོད་ཁོའི་ཨ་མས་ཁོ་ལ་ཁྱོད་ཀྱིས་རང་གིས་བསྒྲུབ་འདོད་པའི་དོན་ཅི་ཡང་བསྒྲུབ་རུང་བ་རེད་ཅེས་ལབ་པ་རེད།
  ཇེན་གྱིས་ཅི་ཞིག་བསྒྲུབ་འདོད་པ་རེད་ཟེར་ན་ཁོས་དོན་ཐམས་ཅད་བསྒྲུབ་འདོད་པ་རེད་དེ་ཁོ་མཐོ་འབྲིང་མཐར་ཕྱིན་སྐབས་ཧྥ་རན་སི་དང་འཇར་མན་དང་སི་ཕན་དང་ལ་ཏིང་གི་སྐད་བཅས་ཚེགས་མེད་དུ་སྤྱོད་ཐུབ་པ་དང་སློབ་གྲྭ་ཆེན་མོའི་སྐབས་སུ་སློབ་དཔོན་མི་འདྲ་བ་ལས་རིག་པའི་གདམས་ངག་མི་འདྲ་བ་ལེན་པའི་སླད་དུ་སློབ་གྲྭ་ཐེངས་བཞི་བརྗེས་ཤིང་། སྤྱི་ལོ1959ལོར་གཅིག་ནི་མོས་པ་དང་གཉིས་ལ་བེད་ནམ( Vietnam)གཡུལ་འགྱེད་ལ་གཡོལ་བའི་རྒྱུ་མཚན་གྱིས་སི་ཡ་ཐལ་གྱི་ཝ་ཧྲིན་ཊོན་སློབ་གྲྭ་ཆེན་མོ་རུ་ཨེ་ཤེ་ཡ་ནང་ཁུལ་གྱི་ཞིབ་འཇུག་ཅེས་པའི་ཞིབ་འཇུག་སློབ་མའི་བསླབ་གནས་གཉེར།
  ལོ་དེར་བོད་ཁུལ་ལ་ཟིང་ཆ་བྱུང་ནས་ཡིག་རྙིང་དང་དེབ་རྩ་ཆེ་ཤོས་མང་པོ་བརླག་ཅིང་བོད་འབངས་འབུམ་གཅིག་ལྷག་བོད་ལས་གྱར་དགོས་བྱུང་བ་མཐོང་ནས་རོ་ཁེ་ཧྥེལ་ཐེབས་རྩ་ཚོགས་པས་འཛམ་གླིང་གི་ཁྱོན་དུ་བོད་ཀྱི་རིག་གནས་ལྟེ་བ་དགུ་ལྷག་བཙུགས་པའི་ནང་གི་གཅིག་ཏག་ཏག་ཝ་ཧྲིན་ཊོན་སློབ་ཆེན་ལ་ཁེལ་ཡོད་པ་རེད། སྤྱི་ལོ1960ལོར་ས་སྐྱ་བདག་ཆེན་རིན་པོ་ཆེ་ཁྱིམ་གཅིག་དང་ཁྱིམ་གྱི་སློབ་དཔོན། ས་སྐྱའི་བླ་མ་བདེ་སྲུང་རིན་པོ་ཆེ་སོགས་བོད་པ་ཡུལ་གྱར་པ་དགུ་སི་ཡ་ཐོལ་དུ་སླེབས་ནས་གནས་བཅས། བོད་ཀྱི་ནང་བསྟན་དུ་ས་སྐྱ་བདག་ཆེན་གྱི་ཆོས་སྲིད་ཀྱི་གོ་ཐོབ་ནི་རྒྱལ་བ་པཎ་ཆེན་གཉིས་ལས་དམན་པ་ཙམ་ཡིན།
  ས་སྐྱ་བདག་ཆེན་ཚང་ནི་ཨ་རིའི་རྒྱལ་ཁོངས་སུ་གནས་བཅས་པའི་བོད་ཀྱི་ཁྱིམ་ཚང་ཐོག་མ་ཡིན་པ་དང་ལོ་ན་གཞོན་པའི་རིགས་མ་བདག་མོ་ལགས་ཀྱིས་སི་ཡ་ཐལ་དུ་བྱིས་པ་གཉིས་པ་སྐྱེས་ཤིང་སེམས་ལ་མི་འགྱང་བར་བོད་ལ་སླར་ལོག་ཐུབ་པར་སྙམ་མོད་མ་བསམ་ས་ནས་དེ་གར་མི་ལོ་སུམ་ཅུ་ལྷག་བསྐྱལ་དགོས་བྱུང་བ་རེད། དངོས་ཞུས་གློག་བརྙན《གློག་གི་དྷརྨ》ཞེས་པ་རུ་བདག་མོ་ལགས་ཀྱིས་དབྱིན་ཡིག་གི་ལམ་ནས་ཕྱིར་དྲན་པར། “ང་རང་བོད་ཀྱི་ཤར་ཡུལ་དུ་སྐྱེས་ཏེ་སྐུ་དྲག་གི་ཁྱིམ་དུ་གནས་ལ་ཕྱིན་ནས་རྒྱལ་མོ་ལྟ་བུའི་འཚོ་བ་རོལ་སྐབས་གློ་བུར་དུ་ཡུལ་གྱར་པ་སྟེ་སྐྱེས་མ་ཡུལ་གྱར་པ་དཀྱུས་མ་ཞིག་ཏུ་གྱུར་པ་རེད། ཉིན་ཞིག་ཝ་ཧྲིན་ཊོན་སློབ་ཆེན་གྱིས་ཇེན་སི་མི་སི་ང་ཚོ་དང་མཉམ་དུ་ཁང་པ་འདིའི་ནང་དུ་འདུག་རྒྱུ་ཡིན་ཅེས་སྨྲས་སོང” བོད་ལ་སྐད་གྲགས་ཆེ་བའི་མངའ་བདག་དང་སྐུ་དྲག་ཅིག་དང་བྱིས་པ་ཆུང་ངུ་གཉིས་དང་ས་སྐྱའི་བླ་མ་དང་ལོ་ན་ཉེར་ལྔ་ལས་མེད་པའི་ཨ་མེ་རི་ཁའི་སློབ་མ་དབུལ་པོ་ཞིག་བཅས་སི་ཡ་ཐལ་གྱི་ཁང་པ་ཉིས་ཐོག་ཅན་ཆུང་ཆུང་ཞིག་ཏུ་འཚང་ནས་སྡོད་རྒྱུ་ནི་ཅི་འདྲའི་དོགས་མི་བདེ་བ་ཞིག་ཡིན་ངེས་ཨང་། ཇེན་ནི་འདུག་རོགས་ཕལ་བ་ཞིག་མིན་པར་བོད་ཀྱི་སྐུ་དྲག་གི་ཁྱིམ་ཚང་འདི་ཨ་མེ་རི་ཁའི་འཚོ་བ་དང་གོམས་སྲོལ་ལ་ལོབས་སུ་འཇུག་རྒྱུའི་འགན་ཁུར་ཡོད་པ་རེད།
  ལོ་དེའི་སློབ་རའི་ཚགས་པར་ལྟར་ན་ཇེན་ལགས་ཀྱིས་ཁོའི་འདུག་རོགས་དག་ལ་གོམས་སྲོལ་གཙང་མ་འདི་བསླབ་རྒྱུའི་ཆེད་ཉིན་རྒྱུན་འགྲུལ་ཁང་དུ་ཕྱིན་ནས་སོ་བཀྲུ་བ་དང་ལོ་ན་གཞོན་པའི་བདག་མོ་ལགས་ལ་ཨ་རིའི་ལུགས་ཀྱི་ཐབ་ཀ་བཀོལ་སྟངས་བསླབ་པ་དང་རྒྱུན་དུ་བྱིས་པ་གཉིས་ཁྲིད་པ་དང་ལམ་དུ་འགྲོ་དུས་ཕ་རོལ་པོའི་ལྟ་སྟངས་ཡ་མཚན་པོ་དེ་འགོག་པ་དང་གཟའ་ཉི་མར་ཁོས་ཁྱིམ་གང་པོ་སྲོག་ཆགས་སྤྱི་གླིང་དུ་ཁྲིད་པ་བཅས་བྱེད་ཀྱི་ཡོད། ཁང་པའི་བར་ཁྱམས་སུའང་ཨ་རིའི་ལུགས་ཀྱི་བྱིས་པའི་གླང་རྫིའི་ཞྭ་མོ་དང་སྒོ་ཁ་རུ་རྐང་འཁོར་གསར་པ་བཞག་པ་མཐོང་བ་བཅས་ངང་གིས་ཨ་མེ་རི་ཁ་བྱང་མའི་རིག་པའི་སྡེ་ལ་བོད་ཀྱི་རིག་གནས་ལ་འཇུག་པའི་རྒྱུ་ཆ་དང་རྩ་བ་ལ་རྒྱུས་ཡག་པོ་ཞིག་ཐོག་མར་ལེན་ཐུབ་བྱུང་བ་དང་བོད་ཀྱི་ཞིབ་འཇུག་ཅེས་པ་ལའང་ཁ་གཏད་ས་དང་འཇུག་པའི་ཡུལ་ཐོག་མར་ཡུལ་འདིར་བྱུང་ཡོད་པ་རེད།
  ཇེན་དང་འདུག་རོགས་ཁྱད་པར་བ་འདི་དག་ལོ་ངོ་བཞིའི་རིང་ལ་མཉམ་དུ་བསྡད་ཅིང་ལོ་ངོ་བཞིའི་རིང་ལ་ཁོས་ཉིན་རེའི་ཆུ་ཚོད་ཉེར་བཞིའི་རིང་ལ་བསླབ་པ་སྦྱངས་ཀྱི་ཡོད་པ་རེད། བླ་མ་བདེ་སྲུང་རིན་པོ་ཆེ་ནི་ས་སྐྱ་བའི་བླ་མ་ཞིག་ཡིན་ནའང་བོད་ཀྱི་གྲུབ་མཐའ་གཞན་དག་དང་བོན་ལ་སོགས་པར་མཁས་ཤིང་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་འཛིན་མཁན་ཞིག་ཡིན་པས་གྲུབ་མཐའ་དག་ཕན་ཚུན་ཕྱོགས་རིས་མ་བཟུང་བར་སངས་རྒྱས་ཀྱི་གདམས་པ་དངོས་དེ་འཚོལ་དགོས་པར་འདོད་པས་ཀུན་གྱིས་བོད་ཀྱི་ནང་བསྟན་གྱི་ཚིག་མཛོད་གསོན་པོ་ཞིག་ཏུ་མཐོང་གི་ཡོད་པར། ཇེན་ནི་བློ་གུ་དོག་པའི་མོར་མོན་པའི་ལྟ་བ་ལས་བླ་མ་མཆོག་གི་ཐུགས་དགོངས་ཡངས་པོ་འདི་ལ་ཀུན་ཏུ་མོས་པས་ཉིན་རེའི་ཞོགས་པར་ཆུ་ཚོད་རེ་གཉིས་རིང་ལ་བླ་མ་ཁོང་དང་མཉམ་དུ་གནས་ནས་ནང་བསྟན་གྱི་དྲི་བ་སྣ་ཚོགས་ཞུས་ནས་ལོ་བཞིའི་རིང་རེག་ཟིག་དེབ་བཅུ་གྲངས་ཤིག་བྲིས་ཚར་ཡོད་པ་རེད།
  སྤྱི་ལོ1964ལོར་ཇེན་གྱིས་ཝ་ཧྲིན་ཊོན་སློབ་ཆེན་དུ་འབུམ་རམས་པའི་ཡིག་ཚད་ལོངས་རྗེས་བླ་མ་མཆོག་གི་ཐུགས་བཞེད་བཞིན་ཧོལ་ལན་གྱི་ལེ་ཏེན་སློབ་གྲྭ་ཆེན་མོ་རུ་ལེགས་སྦྱར་གྱི་སྐད་དང་གནའ་བོའི་པ་ལིའི་སྐད་ལ་སྦྱངས་པ་མཛད་དེ་ལོ་དེར་འབུམ་རམས་པའི་དཔྱད་རྩོམ་འབྲི་བར་བརྩམས་ནའང་བོད་ཡིག་གི་དེབ་ནི་ཉིན་མོའི་སྐར་མ་ལས་ཀྱང་བཙལ་དུ་དཀོན་པ་དང་ཡོད་པ་རེ་གཉིས་ཀྱང་ཡོ་རོབ་ཀྱི་ཕྱུག་བདག་དག་གིས་སྒེར་འཛིན་བྱས་ཏེ་དཔྱད་རྩོམ་མ་ཕུད་སྔོན་ལ་གཞན་ལ་སྟོན་དུ་མེད་པས་ཁོ་རང་བླ་མ་མཆོག་གི་བསྒོས་པ་ལྟར་རྒྱ་གར་དུ་གནས་པའི་བོད་ཀྱི་བླ་མ་ཞིག་ལ་མཚམས་སྦྱར་ནས་བཏང་།
  ཇེན་ལགས་ལ་དེབ་ཅི་ཞིག་དགོས་ཀྱི་ཡོད་དམ། ཁྱེར་བདེ་ལ་མཐུག་རྒྱུ་མེད་པའི་ཡེ་ཤུའི་དམ་པའི་གསུང་རབ་དང་ཁུ་རན་གྱི་གསུང་རབ་དང་བསྡུར་ན་བོད་ཀྱི་ནང་བསྟན་གྱི་བཀའ་བསྟན་གཉིས་ལས་བཀའ་འགྱུར་ལ་ལྡེབ་ཁྲི་བདུན་ལྷག་དང་བསྟན་འགྱུར་ལ་ལྡེབ་ཁྲི་བཅུ་དྲུག་ལྷག་བཅས་པར་གཞི་མང་ཞིང་དེབ་བགྲང་གིས་མི་ལངས་པ་བོད་ཀྱི་དགོན་པ་ཁག་ཏུ་ཉར་ཡོད་པ་བོད་ཡིག་གི་དེབ་སྣ་རིང་ནི་མགོ་མི་བཙེམས་པར་གླེགས་བུ་ལ་འཇོག་པས་འབོར་སླ་བ་དང་ཁྱད་པར་དུ་རིག་གནས་གསར་བརྗེ་ཡི་རླུང་འཚུབ་ནང་མང་ཤོས་ཉམས་པ་དང་མ་ཉམས་པ་དག་དམངས་ཁྲོད་དུ་ཐོར་ཏེ་བོད་མི་ཡུལ་གྱར་པ་དང་བསྟུན་ནས་གང་སར་ཤོར་ཏེ་བོད་ཀྱི་ནང་བསྟན་ལ་ཉམས་ཉེས་ཆེན་པོ་ཐེབས།
  དེ་ལྟ་ནའང་རྒྱ་དང་ལྷོ་བརྒྱུད་ཀྱི་ནང་བསྟན་དང་མི་འདྲ་བར་བོད་ཀྱི་ནང་བསྟན་ནི་ད་ལྟའི་ནང་བསྟན་པའི་སྡེ་རུ་སྟོན་པ་ཤཱཀྱ་ཐུབ་པའི་ནང་བསྟན་དངོས་དང་ཆེས་ཉེ་བ་དང་ལེགས་སྦྱར་སྐད་དང་མཐུན་པའི་ནང་བསྟན་གྱི་བརྒྱུད་པ་ཞིག་ཡིན་པར་མ་ཟད་དེ་ལ་ཆོས་དང་སྲིད་དང་སྙན་ངག་དང་གསོ་བ་རིག་པ་དང་བཟོ་རིག་པ་ལ་སོགས་པའི་རིག་པའི་གནས་ཤིན་ཏུ་མང་པོ་འདུས་ཡོད་པས་འདི་དག་བསྲུང་ཞིང་ཉར་བ་ནི་འགན་འཁུར་བླ་ན་མེད་པ་ཞིག་ཡིན་ནོ། །
  1965ལོར་ཇེན་ལགས་ཀྱིས་གྲུ་དལ་མོ་ཞིག་ལས་ཧོ་ལན་ནས་རྒྱ་གར་དུ་བསྐྱོད་ཅིང་རྒྱ་གར་དུ་ལོ་གཅིག་རིང་དཔྱད་རྩོམ་སྐོར་གྱི་དེབ་འཚོལ་རྒྱུའི་འཆར་གཞི་འཐེན་པ་དང་ཧྥོར་རྡི་ཐེབས་རྩ་ཚོགས་པས་ལོ་གཅིག་གི་མ་དངུལ་སྤྲད་ཡོད་པ་རེད།(མུ་འགོད)

ལོ་རབས་བདུན་ཅུ་པར་ཇེན་དང་བོད་ཀྱི་བླ་གྲྭ་མཉམ་དུ་བཞུགས་པ།
འབྲེལ་ཡོད་རྩོམ་ཡིག