ཀྲུང་གོའི་བོད་ལྗོངས་དྲ་བ།>མི་སྣ།

ངེས་པ་དོན་གྱི་འབུམ་རམས་པ།__ཇེན་སི་མི་སི(E. Gene Smith)[༣]

2014-12-17 ཟླ་བ།
བཞི། ཨ་ལེ་ཧྥུ།
  སྤྱི་ལོ 2010 ལོའི་ཟླ 12 པའི་ཚེས 16 ཉིན་རྒྱ་གར་ནས་ཉིག་ཡོག་ཏུ་ཕྱིར་ལོག་པའི་ཉིན་དེར་སྐུ་ཞབས་ཇེན་ལགས་གཅིན་སྙིའི་ནད་ཀྱི་དབང་གིས་ཚེ་ལས་འདས་པར་གྱུར། ནད་ཀྱིས་གཙེས་པའི་ལོ་འདི་དག་གི་རིང་ལའང་ཁོང་གིས་རྒྱུན་དུ་འཛེམ་བག་མེད་པར་ཤ་ཚིལ་ཚོད་མེད་དུ་བཟའ་བ་དང་ཁྲག་ཚད་ལ་མི་བརྟག་པ་དང་རང་གི་དགའ་ཁ་མོས་པ་ལྟར་ལན་རེར་ཁབ་རེ་རྒྱག་པ་བཅས་བྱེད་ཀྱི་ཡོད། རྒྱ་གར་དུ་འགྲིམ་ཐེངས་དེའང་ཁ་ནས་བལ་ཡུལ་དུ་བོད་ཡིག་གི་ལོ་ཙཱའི་ཚོགས་འདུ་ཞིག་ཏུ་འགྲོ་བ་ཡིན་པར་སྨྲ་མོད་དོན་ལ་ཁྱིམ་གཉེར་བ་རྒས་འཁོགས་ཆགས་པའི་མན་གཱ་རམ་ལ་ལྟ་རུ་ཕྱིན་པ་རེད། རྒྱ་གར་དུ་སྐུ་བཞུགས་པའི་ལོ་ངོ་བཅུ་གྲངས་ཁ་ཤས་ཀྱི་རིང་ལའང་མན་གཱ་རམ་ནམ་ཡང་ཇེན་ལགས་ཀྱི་ཁྱིམ་གཉེར་བ་ཡིན་པ་རེད་ལ་ཇེན་གྱིས་མན་གཱ་རམ་ལགས་ན་ཚོད་ཆུང་བའི་བྱིས་པ་ཞིག་ནས་སྐྲ་ལོ་དཀར་བའི་རྒན་པ་ཞིག་ཏུ་ཆགས་རག་བར་དུ་བསྐྱངས་ཤིང་། མན་གཱ་རམ་གྱི་བུ་ཡི་ལྷོ་ཁ་ལེ་ཧྥོར་ཉི་ཡའི་སློབ་ཆེན་གྱི་རབ་འབྱམས་པའི་སློབ་ཡོན་ཀྱང་ཇེན་ལགས་ཀྱིས་སྤྲད་ཡོད་པ་དང་ཁོའི་བུ་མོ་ལའང་གཉེན་གྱི་རྫོངས་པ་གྱ་ནོམ་པ་ཞིག་གནང་བ་རེད། ཇེན་ལགས་རྒྱ་གར་དང་བྲལ་རྗེས་མན་གཱ་རམ་ཡུན་གྱིས་འགྲུབ་བཞིན་པའིTBRCཞེས་པའི་འཆར་གཞི་འདིའི་ནང་གི་མི་གལ་ཆེན་ཞིག་ཏུ་གྱུར་པ་སྟེ་རྒྱ་གར་དུ་ཉིག་ཡོག་གི་གཞུང་ལས་ཁང་ལ་ཡིག་ཆ་འབོར་ཆེན་པར་དུ་བཏབ་པ་དང་སེམས་ཞིབ་མོསTBRCཡི་རྒྱ་གར་གྱི་ཚོགས་འདུ་དང་འགྲོ་འདུག་ལ་གོ་སྒྲིག་གནང་བ་ལགས་སོ།།
  ཇེན་ལགས་ཐེངས་འདིར་རྒྱ་གར་དུ་བསྐྱོད་དོན་ནི་མན་གཱ་རམ་གྱི་ཚ་མོ་ལ་ལྟ་རུ་འགྲོ་ཆེད་རེད་དེ་རྒྱ་གར་དང་ཁ་གྱེས་པའི་སྔ་ཉིན་དེར་ཁོས་མན་གཱ་རམ་ལ་ལོ་རྗེས་མ་ནས་བཟུང་ང་རང་ལོ་རེ་རེར་ཁྱོད་ཀྱི་ཁྱིམ་ལ་ཟླ་ཁ་ཤས་ཚེ་མཇུག་སྐྱོང་དུ་ཡོང་ཞེས་སྨྲས་པ་དང་། རང་གི་གཅུང་མོ་རོ་སན་ནེ་ལགས་ལ་ངའི་ལུས་ཁམས་ཤིན་ཏུ་ནས་དྭངས་མོ་མི་འདུག གནམ་གྲུ་ལ་འདུག་བསམ་གྱི་མི་འདུག་ཅེས་ཞལ་པར་བཏང་ཡོད་པ་རེད།
  ངས་མན་གཱ་རམ་ལ་ཇེན་གྱིས་ལོ་རེར་ཁྱོད་ཀྱི་ཁྱིམ་དུ་འདུག་རྒྱུ་ཟེར་དུས་ཟླ་ཁ་ཤས་ཟེར་དོན་ག་རེ་རེད་ཅེས་དྲིས་པར།
  མན་གཱ་རམ་ལགས་ཧ་ལས་པའི་ངང་ནས་ངས་ཀྲུང་གོ་རུ་འགྲོ་སྲོལ་ག་འདྲ་ཞིག་ཡིན་པ་མི་ཤེས་མོད་རྒྱ་གར་དུ་གལ་སྲིད་ཕ་མ་ལོ་ལོན་ནས་རྒས་པ་ཡིན་ན་བུ་དང་བུ་མོས་གཉོར་དགོས་པ་ནི་བཤད་ག་ལ་དགོས་ཞེས་སྨྲས་སོང་། ལོ་ངོ་ལྔ་བཅུ་ལྷག་འགོར་ཟིན་ནའང་བདག་པོ་དང་གཡོག་པོ་ནི་ཕ་དང་བུ་ལྟ་བུར་གྱུར་འདུག
  ལོ་དེ་དག་ཏུ་སྐུ་ཞབས་ཇེན་ལགས་ལྡེ་ལེ་གསར་པ་དང་ཡ་ཅ་ཏ་དང་ཁེ་རོ་དང་པོ་སི་ཊོན་དང་ཉིག་ཡོག་སོགས་ཡུལ་གང་དུ་གནས་ཀྱང་ཁོང་གི་ཁྱིམ་དུ་བོད་ཀྱི་རིག་གནས་ལ་རྒྱུས་ལེན་པ་དང་སྒྲོག་པའི་ལྟེ་བ་ཞིག་ཏུ་གྱུར་ཏེ་འགྲུལ་པ་གང་མང་མང་སྣེ་ལེན་གནང་ཡོད་པ་རེད་ལ་མན་གཱ་རམ་ལགས་ཀྱིས་ཀྱང་སྲོལ་བཟང་པོ་དེ་མ་བཏང་བར་བསྐྱངས་ཡོད་པ་རེད། ལོ་འདི་འགར་མན་གཱ་རམ་ལགས་ཀྱི་ཁྱིམ་ལན་འགར་སྤར་ནའང་ནམ་ཡང་ཁྱིམ་གྱི་ཁང་མིག་ཆེས་བཟང་ཤོས་དེ་ཇེན་ལ་སྤྲོད་ཀྱི་ཡོད་པ་རེད་ལ་ཇེན་ལགས་ཕེབས་དུས་བཞུགས་ཆོག་གི་ཡོད་པ་དང་། ད་ལྟ་ཇེན་ལགས་འཇིག་རྟེན་དང་བྲལ་བར་གྱུར་ནའང་ཁོས་ཁང་མིག་ད་དུང་དེ་ལྟར་བཞག་ནས་ཇེན་གྱི་གྲོགས་པོ་དང་བོད་ཀྱི་ནང་བསྟན་ལ་སྤྲོ་བ་ཡོད་མཁན་ཚང་མ་ཕེབས་ནས་བཞུགས་ཆོག་གི་ཡོད་ས་ཞིག་ཏུ་བྱས་ཡོད་པ་རེད།
  ངའི་གྲོགས་པོ་དེས་དེ་ལྟར་ཐོས་པ་དང་འདི་ནི་གློག་བརྙན《གསོལ་ཁང་ཆེན་མོ་པུ་དྷ་ཕེ་སི》དང་ཤིན་ཏུ་འདྲ་བར་འདུག་སྟེ་འདས་ཟིན་པའི་ཁ་སང་གི་འགྲེལ་རྒྱག་མཁན་ནི་གཡོག་པོ་ཞིག་ཡིན་པ་དེ་རེད་ཟེར།
  2010ལོའི་ཟླ12པའི་ཚེས16ཉིན་མན་གཱ་རམ་གྱིས་ཇེན་ལགས་ཀྱི་ལམ་རྒྱགས་ཁུར་པོ་གྲབས་མཛད་ཅིང་ཁོ་ཐུབ་མི་ཐུབ་ཀྱིས་ལྡེ་ལེ་གསར་པ་ནས་ཉིག་ཡོག་ཏུ་འཕུར་བའི་གནམ་གྲུ་ལ་བསྡད་མོད་དེ་ལས་མར་བབས་ཏེ་རང་ཁྱིམ་དང་ཤིན་ཏུ་ཉེ་བའི་སྐས་ཐོག་ཅིག་ཏུ་གློ་བུར་དུ་ཚེ་ལས་འདས་པ་རེད། སྐབས་དེར་ཁོང་གི་ཞབས་ཟུང་ཤིན་ཏུ་སྦོས་ཤིང་བཟོ་ལྟ་ནི་ཁུར་པོའི་ཁ་ཕྱེ་ནས་རང་ལ་སྨན་ཁབ་རྒྱག་འདོད་ནའང་རྐང་བ་སྦོས་ནས་མ་ཐུག་པར་ལུས་པའི་ཚུལ་བཟུང་འདུག ལོ་མང་པོ་ཞིག་འགོར་ཟིན་ནའང་གཡོག་པོ་རྒན་པ་འདིས་ད་དུང་རང་གིས་རང་ལ་ངས་ཁོང་གི་སྨན་ཁབ་དེ་ལྭ་བའི་ཁུག་མ་རུ་བཞག་ཆོག་ཆོག་ཡིན་པས་ང་རང་ལན་པ་ཡིན་ཞེས་ལེ་བདའ་ཡི་ཡོད་པ་རེད།
  སྐུ་ཞབས་ཇེན་སི་མི་སི་ལགས་གློ་བུར་དུ་ཚེ་ལས་འདས་པ་དང་ཁོའི་གཅུང་མོ་རོ་སན་ནེ་ཡིས་ད་གཟོད་པར་ལེན་ཚོ་ཆུང་ཞིག་གིས་ཁོང་གི་སྐོར་གྱི་དངོས་ཞུས་གློག་བརྙན《གློག་གི་དྷརྨ》(Digital Dharma)ཞེས་པ་ཞིག་བསྐྲུན་བཞིན་ཡོད་པ་ཤེས། ཁོང་ནི་མི་ཚེ་གང་པོར་རྒྱལ་ཚོགས་དཔེ་མཛོད་ཁང་གིས་གཞུང་ཞབས་པ་ཆུང་ཆུང་ཞིག་ཡིན་ཞིང་ཚེ་གང་གི་ཐོབ་ཆ་ཡོད་ཚད་དཔེ་མཛོད་ཁང་དང་གྲོགས་པོ་དག་ལ་རོགས་རམ་དུ་ཕུལ་ཏེ་ཚེ་གཞུག་ལ་བསྐྱུར་དུ་ཡོད་པ་ཅི་ཡང་མེད་པས་ཐ་ན་པར་ལེན་ཚོ་ཆུང་འདི་ལ་དངོས་ཞུས་གློག་བརྙན་འདིའི་མཇུག་སྟེ་ཁོང་གི་འདས་མཆོད་པར་དུ་ལེན་པའི་དངུལ་ཡང་འདང་གི་མེད། ཉིན་འགའི་རྗེས་སུ་ཉེན་སྐྱོབ་ཀུང་སི་ཡིས་རོ་སན་ནེ་ལ་ཇེན་ལགས་ཀྱིས་མི་ལུས་ཀྱི་ཉེན་སྐྱོབ་མ་དངུལ་ཅིག་བཏང་ཡོད་པ་དང་དེ་ཐོབ་མཁན་མོ་རང་ཡིན་པ་བཤད་དེ་མོས་དངུལ་དེ་བླངས་ནས་པར་ལེན་ཚོ་ཆུང་ལ་སྤྲད་པས་ད་གཟོད་དངོས་ཞུས་གློག་བརྙན་དེ་མཇུག་བསྒྲིལ་ཐུབ་པ་རེད།
  གཅུང་མོ་ཆུང་བ་རོ་སན་ནེ་ལས་གཞན་ཇེན་ལགས་ལ་ད་དུང་གཅུང་མོ་གཉིས་ཡོད་པ་མོར་མོན་པའི་ཆོས་ཀྱི་རྗེས་འཇུག་པ་གཤའ་མ་གཉིས་ཡིན། མོར་མོན་པའི་ཁྱིམ་རྒྱུད་གཞན་གྱི་གཏམ་རྒྱུད་དང་འདྲ་བར་ལོ་ན་བཅོ་བརྒྱད་ལོན་དུས་མོར་མོན་པའི་དད་པ་བསྐྱུར་པ་ནས་གཅུང་མོ་དེ་གཉིས་ཀྱིས་ཁོ་ལ་འབྲེལ་བ་མ་བྱས་ཤིང་མོ་གཉིས་ཀྱི་ཁྱོ་ག་གཉིས་ཀའང་མོར་མོན་པའི་འགོ་པ་མཐོ་ཤོས་གཉིས་ཏེ་གཅིག་ནི་ཆོས་དཔོན་གཙོ་བོ་དང་ཅིག་ཤོས་ནི་ཕོར་ཐི་གལ་དང་མོ་སང་པིག་ཆོས་སྤེལ་ཚོགས་པ་ཡི་ཚོགས་གཙོ་ཡིན་པ་རེད། གཅུང་མོ་གཉིས་ཀ་ཡུན་རིང་ལ་ཐེ་ཚོམ་ཟོས་པའི་རྗེས་སུ་ཉིག་ཡོག་ཏུ་སྤེལ་བའི་ཕུ་བོའི་འདས་མཆོད་ལ་ཞུགས་རྒྱུ་ཐག་བཅད། རོ་སེ་ཡིས་ང་ལ་འདས་མཆོད་ཀྱི་གོ་རིམ་ནང་གཅུང་མོ་གཉིས་ཀ་ཆེས་ཧ་ལས་པར་བྱེད་པ་ནི་ཡང་ནས་ཡང་དུ་ཆོས་ཀྱི་སློབ་བུ་ཞེས་པའི་ཐ་སྙད་དེ་ཐོས་ཐུབ་པ་དེ་རེད་ཟེར། ཕྱི་ལ་གྱར་བའི་བོད་ཀྱི་བླ་གྲྭ་དང་སྐུ་དྲག་དང་བོད་ལ་ཞིབ་འཇུག་གནང་མཁན་དངTBRCརུ་ཕྱག་ལས་གནང་མཁན་ལ་སོགས་ཚང་མས་ཁོང་ལ་ཆོས་ཀྱི་སློབ་བུ་ཞེས་འབོད་ཀྱི་ཡོད་པར། མོར་མོན་པའི་ཆོས་ལ་དད་པ་ཆེ་བའི་ཁོང་གི་གཅུང་མོ་གཉིས་ནས་ཕུ་བོ་ཆོས་སྒོ་ལས་བུད་པའི་ཉིན་མོ་ནས་བཟུང་ཆོས་ཀྱི་སློབ་བུ་ཞིག་མ་ཡིན་པར་མ་ཟད་ཉེས་པ་དང་བྲལ་བའི་མི་ཞིག་ཀྱང་མིན་པར་འདོད་ཅིང་། ཐ་ན་ཁོ་རང་ཉིད་ཀྱང་ཆོས་ཀྱི་སྡོམ་ཁྲིམས་སོགས་གཙང་མར་སྲུང་མཁན་ཞིག་མིན་པར་ཆང་དང་ཨ་རག་དང་ཤ་ལ་སོགས་པར་རོལ་རྐྱང་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་གཅུང་མོ་རོ་སན་ནེ་ལ་ཆ་བཞག་ན་མོའི་ཕུ་བོ་ཡིས་བོད་ཡིག་གི་དཔེ་དེབ་ཤོག་ལྷེ་གཅིག་ཀྱང་ཉར་ཐུབ་མེད་པར་བྱས་ནའང་ཆོས་ཀྱི་སློབ་བུ་ཞིག་ཡིན་པ་བསྙོན་དུ་མེད་དེ་དེའི་རྒྱུ་མཚན་ནི་ཁོས་སྐྱེ་བོ་གཞན་གྱི་སྡུག་བསྔལ་མིག་གིས་རིག་ནས་མིག་ཆུ་ཤོར་ཏེ་ཁོས་ངོ་ཤེས་པའི་མི་ཐམས་ཅད་ལས་བཀྲེས་ལྟོགས་དང་སྐོམ་གདུང་མྱོང་མཁན་གཅིག་ཀྱང་ཡོད་དུ་མི་འཇུག་པར་བཤད་དེ་གཞན་ལ་རོགས་བྱེད་པར་རང་གི་དངུལ་ཡོད་ཚད་བློས་བཏང་བ་དེ་ཡི་ཕྱིར་རོ།།
  དད་པ་བརྟན་པོ་ནི་ཇི་ལྟ་བུ་ཞིག་ཡིན།
  ཇེན་ལགས་དང་འགྲོགས་པའི་ཟླ་ཁ་ཤས་རིང་ངས་རང་ལ་དེ་ལྟར་དྲིས་པ་ཡིན། དེ་ནི་ཆོས་ཀྱི་སྡོམ་ཁྲིམས་གཙང་མར་བསྲུང་ནས་ཆོས་དཔོན་དུ་འགྱུར་བ་རེད་དམ་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་བསྐྱངས་ནས་རིག་པ་སྣ་མང་དང་དུ་ལེན་པ་རེད། དེ་ནི་དངོས་གཞི་དང་རབ་འབྱམས་པ། དེ་ནས་འབུམ་རམས་པ་བཅས་རིམ་པ་བཞིན་དུ་དཔྱད་རྩོམ་བྲིས་ནས་དགེ་རྒན་གྱི་ལས་ཀ་ཞིག་གཉེར་བ་རེད་དམ་འབུམ་རམས་པའི་བསླབ་གནས་ཀྱང་ཚེ་གང་པོར་མ་ཐོབ་ནའང་ཉིན་རེའི་ཞོགས་པ་ཆུ་ཚོད་བཞི་ལ་ཡར་ལངས་ནས་རིག་པ་གསར་པ་ཞིག་ལ་དཔེ་མཛོད་ཁང་ཆེན་མོ་ཞིག་བསྒྲུབས་པ་རེད།
  དཔེ་དེབ་དོ་དམ་པ་སྐུ་ཞབས་ཇེན་སི་མི་སི་ལགས་ལ་ཉམས་ཞིབ་གནང་བའི་ཟླ་དེ་དག་ཏུ་ངས་དཔེ་དེབ་དོ་དམ་པ་གཞན་ཞིག་སྟེ་རྩོམ་པ་པོ་པོར་ཧེ་སིའི་སྒྲུང་གཏམ་དག་ལས་ཚབ་བྱེད་དུ་འོས་པ《ཨ་ལེ་ཧྥུ》ཞེས་པ་བཀླགས་པ་ཡིན། དེར་པུ་ཨེ་ནོ་སི་ཨ་རི་སི་ཡི་ཅ་ལ་ཡེ་སྲང་ལམ་གྱི་ས་འོག་གི་ཁང་པ་ཞིག་གི་སྐས་བརྩེགས་རིམ་པ་བཅུ་དགུ་པ་དེ་རུ་ངས་སྐས་གཤམ་གྱི་གཡས་ཕྱོགས་ས་ཙམ་དུ་མིག་ལ་འཚེར་བར་བྱེད་པའི་ཤེལ་ཟླུམ་མིང་ལ་ཨ་ལེ་ཧྥུ་ཟེར་བ་ཞིག་ཡོད་པ་མཐོང་ཞིང་། དེ་ནི་རྡུལ་དང་ཆ་འདྲ་བའི་ཡུལ་ཞིག་ཏུ་ཚད་མེད་པའི་འཇིག་རྟེན་ཐམས་ཅད་ཚུད་བསྡད་ཡོད་པ་ཞིག་རེད། པོར་ཧེ་སི་ཡིས་མེ་ལོང་གི་ཤེལ་ལྟ་བུའི་ཆོས་རེ་རེ་ཆོས་ཐམས་ཅད་ཡིན་ཏེ་རྒྱུ་མཚན་ངས་འཇིག་རྟེན་གྱི་གྲུ་ག་ཐམས་ཅད་ནས་མཐོང་ཐུབ་ཀྱི་ཡོད། ངས་ཨ་ལེ་ཧྥུ་མཐོང་ཞིང་ངས་ཟུར་མི་འདྲ་བ་ཐམས་ཅད་ནས་ཨ་ལེ་ཧྥུ་ནང་གི་འཇིག་རྟེན་མཐོང་བ་དང་འཇིག་རྟེན་ནས་སླར་ཡང་ཨ་ལེ་ཧྥུ་མཐོང་། ཨ་ལེ་ཧྥུ་ལས་འཇིག་རྟེན་མཐོང་ཞིང་དེ་ལས་ང་རང་གི་གདོང་དང་ནང་ཁྲོལ། ཁྱོད་ཀྱི་གདོང་བཅས་མཐོང་སྟེ་ང་རང་མགོ་ཡུ་འཁོར་ཞིང་ངུ་ཁ་ཤོར་སོང་། དེའི་རྒྱུ་མཚན་ནི་ངས་གང་གི་རུས་མིང་མི་རྣམས་ཀྱིས་ཡང་ཡང་བརྐུས་ནའང་སུས་ཀྱང་ཁ་ཡ་བྱེད་པར་མི་མཛད་པའི་གསང་བ་དང་ད་དུང་བདེན་པར་མི་རྟོན་པའི་ཆོས་ཏེ་ཧ་གོ་ཐབས་བྲལ་བའི་འཇིག་རྟེན་དེ་དངོས་སུ་མཐོང་བྱུང་བས་ང་ལ་དང་བ་ཚད་མེད་པ་ཞིག་དང་སྐྱོ་བ་ཚད་མེད་པ་ཞིག་སྐྱེས་བྱུང་ཞེས་བྲིས་ཡོད་པ་རེད།
  སྐུ་ཞབས་ཇེན་སི་མི་སི་ལགས་ཀྱི་མི་ཚེ་ཡིས་ང་ལ་ཐེངས་མང་པོར་པོར་ཧེ་སིས་གླེང་བའི་མགོ་ཡུ་འཁོར་བ་དེ་ལན་མང་བྱུང་དུ་བཅུག་ཅིང་ངས་ཇེན་ལགས་ཀྱི་འཇིག་རྟེན་དེ་ནས་ཨ་ལེ་ཧྥུ་ལན་མང་མཐོང་བར་གྱུར།
  《བོད་ཡིག་ཡིག་ཆའི་ཀློང་དུ》ཞེས་པའི་དེབ་སྟེ་འགོ་བརྗོད་ཀྱི་དེབ་ཅིག་ལ་བྲིས་པ་འདིའི་འགོ་བརྗོད་དུ་ཧྥུར་ཅི་ཉི་ཡའི་བོད་ཀྱི་ཞིབ་འཇུག་སློབ་དཔོན་ཆེན་མོ་ཁུར་ཏི་སི་སི་ཁེ་ཧྥེར(Kurtis Schaeffer)ལགས་ཀྱིས་སྤྱི་ལོ1991ལོའི་དགུན་ཁར་ངས་ཝ་ཧྲིན་ཊོན་སློབ་གྲྭ་རུ་བོད་ཞིབ་འཇུག་གི་གོམ་པ་ཐོག་མ་སྤོ་དུས་ཉིན་རེ་རེར་ཆུ་ཚོད་ཁ་ཤས་སྤྱད་དེ་དཔེ་མཛོད་ཁང་གི་ས་འོག་ཏུ་སྤྱི་ཁྲིམས་ཨང480ཡི་མ་དངུལ་གྱིས་ཉོས་པའི་བོད་ཡིག་གི་ཡིག་ཆའི་བསྟར་མ་དེ་དག་བཀླགས་པ་ཡིན། ངས་དཔེ་སྟེགས་ཀྱི་སྟེང་ནས་ཡིག་ཆ་དེ་དག་རེ་རེ་བྱས་བླངས་ཏེ་ཡ་མཚར་བའི་ངང་དེ་དག་ལ་བལྟས་པ་ཡིན་ལ་ཡིག་ཆ་རེ་རེ་བཞིན་སྒམ་ཆུང་མཚར་པོ་རེ་རེའི་ནང་དུ་བཅུག་སྟེ་རས་མིག་ལ་མཛེས་པ་དག་གིས་གཅུད་ཡོད་པས་ས་བཀྲའི་རི་མོ་ཞིག་དང་འདྲ་པོ་ཡོད། དཔེ་དེབ་འདི་དག་ཏུ་བོད་ཀྱི་གསང་བ་མང་པོ་ཞིག་བསྐུངས་ཡོད་པ་ནི་བསྙོན་དུ་མེད་མོད་རིག་པའི་གནས་འདི་ལ་འཇུག་བྱེད་ཀྱི་ལག་ཆ་དཀོན་པའི་ཕྱིར་ང་རང་ལོ་ངོ་སུམ་ཅུ་ལྷག་རིང་གི་བོད་རིག་པ་ཞིབ་འཇུག་པ་དག་དང་འདྲ་བར་གསང་བ་འདི་དག་ཇི་ལྟར་བརྟོལ་བ་ལ་སྐབས་དེར་བྱ་ཐབས་ཡོངས་སུ་ཟད་ཡོད་དོ་ཞེས་བརྩེ་བ་དང་ལྡན་པའི་ངང་ཕྱིར་དྲན་གྱི་ཟིན་བྲིས་གནང་ཡོད་པ་རེད།
  “ཉིན་ཞིག་ང་ཡིས་ཉིན་རྒྱུན་ནང་བཞིན་དཔེ་མཛོད་ཁང་གི་ས་འོག་ཏུ་ལག་གི་དཔེ་དེབ་རེ་རེ་ཀློག་བཞིན་སེམས་ལ་སྡུག་ཤི་རྒྱག་རྒྱུའི་དེབ་འདིས་ཅི་ཞིག་འཆད་ཀྱིན་ཡོད་པ་རེད་སྙམ་དུས། བདག་གི་སློབ་དཔོན་སེ་རུ་སི་སི་ཐེར་ཨན(Cyrus Stearns)གྱིས་སེམས་བག་ལྷོད་ལྷོད་ཀྱིས་ང་ལ་ཁྱེད་ཀྱིས་སྐུ་ཞབས་ཇེན་སི་མི་སི་ལགས་ཀྱི་དེབ་བཀླག་མྱོང་ངམ་ཞེས་དྲིས་པར། ངས་ཀློག་མ་མྱོང་ཞེས་ཞུ་བར་ཁ་སྐྱེངས་ནས་རྫུན་གཏམ་ནས་ཁོ་ལ་བཀླག་མྱོང་། ངས་ཁོ་རང་གོ་མྱོང་ཡོད་མོད་རྩོམ་དེ་དག་ཀློག་པའི་ཁོམ་པ་ཆེ་མ་བྱུང་ཞེས་ལབ་པ་ཡིན། བདག་གི་སློབ་དཔོན་གྱིས་བྱང་ཆ་དོད་པའི་ངང་དཔེ་སྟེགས་སྟེང་ནས་དཔེ་དེབ་དྲུག་བདུན་ཞིག་བླངས་ནས་ངའི་སྔུན་ལ་བཞག་བྱུང་། ཁོ་རང་དཔེ་དེབ་འདི་དག་རྒྱུས་ཤིན་ཏུ་ཆེ་བར་འདུག་ལ་འདི་དག་གི་ནང་དུ་སྐུ་ཞབས་ཇེན་ལགས་ཀྱིས་བྲིས་པའི་འགོ་བརྗོད་དག་སྟེ་ཆུ་ཤེལ་གྱི་མེ་ལོང་རེ་རེ་ནང་བཞིན་བོད་ཡིག་ཡིག་ཆ་དག་གི་གསང་བ་རྗེན་པར་བསྟན་ཡོད་པ་དག་བཅུག་ཡོད་ལ། དཔེ་དེབ་དེ་དག་གི་མཚམས་སྦྱོར་རྐྱང་བ་ཙམ་མ་ཡིན་པར་བོད་ཡིག་གི་འཇིག་རྟེན་སྤྱི་ཡི་ངོ་སྤྲོད་ཀྱང་ཡིན་པ་དང་། འགོ་བརྗོད་རེ་ནི་དེང་རབས་ཞིབ་འཇུག་བྱེད་ཐབས་ཀྱི་དཔེ་མཆོག་ཏུ་གྱུར་པ་ཞིག་ཡིན་པས་བོད་ཡིག་གི་ཞིབ་འཇུག་འདི་དེང་རབས་ཀྱི་རིག་པའི་དཔྱད་ལམ་ནས་མཚམས་སྦྱོར་བའང་རེད། དེའི་ཕྱིར་བདག་གིས་ལོ་ངོ་བཅུ་ལྷག་གི་རིང་ལ་འགོ་བརྗོད་དེ་དག་ཡང་ནས་ཡང་དུ་བཀླགས་པར་ཐེངས་ཅི་ཙམ་བཀླགས་པ་དེ་ཙམ་གྱིས་ཐོབ་བྱ་གསར་པ་རེ་རྙེད་ཡོང་གི་འདུག་སྟེ་ཡང་ན་སྔོན་ཆད་མཉམ་པར་བཞག་པའི་ལུང་རེ་དང་ཡང་ན་རྗེས་ཀྱི་དཔྱད་གཞི་རུ་རུང་བའི་ཇེན་ལགས་ཀྱི་བསམ་བློ་འཁོར་སྟངས་སོགས་མང་ངོ་།། རྩོམ་ཁ་ཤས་ཤིག་བདག་གིས་བསྐྱར་པར་ལན་མང་བརྒྱབ་པ་ཡིན་ཏེ་ཟིན་བྲིས་དང་མཆན་འགྲེལ་གྱིས་ཁེངས་པའི་སངས་རྒྱས་རྒྱལ་མཚན་གྱི་ངོ་སྤྲོད་ཅིག་ད་ཅི་མར་དབྱུག་པ་དང་ད་ཡང་དཔེ་མཛོད་ཁང་དུ་བསྐྱར་པར་གསར་པ་ཞིག་རྒྱག་ཏུ་འགྲོ་དགོས་བྱུང་བ་ལྟ་བུའོ།།”
  ལྷ་ཞེས་པ་ནི་མངོན་སུམ་དུ་ཡོད་པར་ངེས་ཏེ་དེ་ཡི་མཐུ་ལས་བདག་གིས་དཔེ་དེབ་དོ་དམ་པ་ཞིག་གིས་ཀུན་རྟོག་གི་འཇིག་རྟེན་དུ་ཚད་དང་བྲལ་བའི་ཤེས་བྱ་ལ་བཅངས་པའི་དང་བ་དང་དད་པ་དེ་ཉིད་དཔེ་དེབ་དོ་དམ་པ་གཞན་ཞིག་གིས་མངོན་སུམ་གྱི་འཇིག་རྟེན་འདིར་མི་ཚེ་གང་པོར་འབད་འབུངས་དུ་མས་བསྒྲུབས་བསྒྲུབས་ནས་གྲུབ་པའི་ངོ་མཚར་གཉིས་འཕལ་ཁ་འཕྲོད་པ་མཐོང་བྱུང་།
  གསལ་བཤད། རྩོམ་འདི་སྤྱི་ལོ2014ལོའི་དཔྱིད་ཀརTBRCཡི་ལག་བསྟར་འགོ་གཙོ་ཇེ་ཧྥུ་ཝོལ་མན(Jeff Wallman)དང་ཧར་བོར་དེ་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་བན་ཏེར་ཁིབ(Leonard van der kuijp)། སྐུ་ཞབས་ཇེན་སི་མི་སི་མཆོག་གི་གཅུང་མོ་རོ་སན་ནེ་སི་མི་སི(Rosanne Smith)། སྐུ་ཞབས་ཇེན་སི་མི་སི་མཆོག་གི་ཁྱིམ་གཉེར་བ་མན་གཱ་རམ་ཁཱ་ཤེ་ཡབ(Mangaram Kashyap)དང་ར་ན་ཧེལ་མི(Rana Helmi)བཅས་ལ་བཅར་འདྲི་བྱས་པ་གཞི་བྱས་པ་ཡིན། Lunchboxཔར་ལེན་ཚོ་ཆུང་གི《གློག་གི་དྷརྨ》ཞེས་པའི་འཁྲབ་ཁྲིད་པ་དང་གློག་བརྙན་བཟོ་བ་པོ་སྐྱེས་མ་ཏབ་ནཱ་ཡ་ཆིན(Dafna Yachin)དངTBRCགཉིས་ནས་པར་རྩ་ཆེན་དག་གི་པར་དབང་གནང་བ་ལགས་སོ།།[༢༠༡༤ལོའི་རྒྱ་ཡིག་གི《གསར་ཤེས》སྤྱི་དེབ་དྲུག་པ་ལས་བདམས](རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག