ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

《གནས་སྟངས་གསར་པའི་འོག་གི་མི་རིཊ་ལས་དོན་ལ་ཤུགས་སྣོན་ལེགས་བཅོས་ཐད་ཀྱི་བསམ་ཚུལ》དཔར་ནས་བཀྲམས།

2014-12-23 ཟླ་བ།
  ཤིན་ཧྭ་གསར་ཁང་གིས་པེ་ཅིང་ནས་ཟླ ༡༢ པའི་ཚེས ༢༢ ཉིན་བཏང་བའི་གློག་འཕྲིན།  ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར《གནས་སྟངས་གསར་པའི་འོག་གི་མི་རིཊ་ལས་དོན་ལ་ཤུགས་སྣོན་ལེགས་བཅོས་ཐད་ཀྱི་བསམ་ཚུལ》དཔར་འགྲེམ་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་ཐབས་ཡང་དག་པའི་ལམ་ཀར་བློ་བརྟན་འགྱུར་མེད་ངང་འགྲོ་རྒྱུ་དང་། དམངས་ཀྱི་འཚོ་བ་ལེགས་བཅོས་བཏང་སྟེ་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་ཡར་ཐོན་ལ་སྐུལ་རྒྱུ། མི་རིགས་སོ་སོའི་འགྲོ་འོང་མཉམ་འདྲེས་ལ་སྐུལ་རྒྱུ། མི་རིགས་སོ་སོར་ཐུན་མོང་དུ་ཡོད་པའི་བསམ་བློའི་ཁྱིམ་གཞིས་བསྐྲུན་རྒྱུ། ཁྲིམས་ལྟར་མི་རིགས་ལས་དོན་དོ་དམ་ནུས་པ་ཆེར་གཏོང་རྒྱུ། ཏང་གིས་མི་རིགས་ལས་དོན་ལ་དབུ་ཁྲིད་བྱེད་པར་ཤུགས་སྣོན་རྒྱུ་བཅས་ཕྱོགས་དྲུག་ནས་བསམ་འཆར ༢༥ བཏོན་འདུག་པ་དང་།  དེའི་དམིགས་ཡུལ་ཡང་གནས་སྟངས་གསར་པའི་འོག་གི་མི་རིགས་ལས་དོན་ལ་ཤུགས་སྣོན་ལེགས་བཅོས་དང་། རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བར་ཧུར་བརྩོན་བྱ་རྒྱུ་དེ་ཡིན་འདུག
  《བསམ་འཆར》དུ།  རང་རྒྱལ་ནི་མི་རིགས་མང་ལ་གཅིག་གྱུར་ཡིན་པའི་རྒྱལ་ཁབ་ཅིག་ཡིན་པའི་གཞི་རྩའི་གནས་ཚུལ་རྒྱུས་ཟབ་མོ་ལེན་དགོས་ཏེ། རང་རྒྱལ་ནི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་བསྐྲུན་པའི་རྒྱལ་ཁབ་ཡིན་པ་དང་། རྒྱུན་རིང་བའི་ལོ་རྒྱུས་ནང་དུ་མི་རིགས་སོ་སོའི་མེས་རྒྱལ་གྱི་མངའ་ཁོངས་རྒྱ་ཆེན་པོ་བསྐྱེད་དེ་ཀྲུང་ཧྭའི་རིག་གནས་མཚར་སྡུག་ལྡན་པ་མཉམ་དུ་བསྐྲུན་ཡོད་ལ།  དེས་ཐུན་མོང་གིས་ཧུར་བརྩོན་དང་མཉམ་དུ་ཡར་རྒྱས་གོང་འཕེལ་འགྲོ་བའི་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་ལ་གཞི་གཅིག་པའི་རྣམ་པ་འདི་གྲུབ་པ་ཡིན། ཕྱོགས་ཡོངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་ཡང་དག་པའི་རྩ་བའི་ནང་དོན་གྱི་མཐིལ་གོ་དགོས་ན། རྩ་བའི་རེ་བ་འདི་དག་དམ་དུ་འཛིན་དགོས་ཏེ།  དེ་ཡང་ཏང་གི་འགོ་ཁྲིད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་རྒྱུན་འཁྱོངས་བྱེད་དགོས་པ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། མི་རིགས་ཁག་འདྲ་མཉམ་ཡོང་རྒྱུར་རྒྱུན་འཁྱོངས་བྱེད་པ། མི་རིགས་ས་ཁུལ་གྱི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་ཁག་མཉམ་དུ་མཐུན་སྒྲིལ་ཧུར་ཐག་དང་དར་རྒྱས་གོང་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་གཞི་རྩའི་བསམ་བློ་འཛུགས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། ད་ཆའི་རང་རྒྱལ་གྱི་མི་རིགས་ལས་དོན་གྱི་དུས་སྐབས་རང་བཞིན་གྱི་ཁྱད་ཆོས་ལ་ངོས་འཛིན་ཟབ་མོ་བྱེད་དགོས་པ་སྟེ། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ཐད་གོ་སྐབས་དང་འགྲན་རྩོད་མཉམ་དུ་གནས་པ་དང་གཅིག མི་རིགས་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་མགྱོགས་པོ་འགྲོ་བ་དང་གོང་འཕེལ་གྱི་ཆུ་ཚད་དམའ་བའི་གནས་ཚུལ་ལྡན་པ་དང་གཉིས། རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་མི་རིགས་ས་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པའི་འཛུགས་སྐྱོང་བྱེད་ཤུགས་སྔར་བས་ཞན་པའི་གནས་ཚུལ་ལྡན་པ་དང་གསུམ། མི་རིགས་ཁག་བར་ཕན་ཚུན་སྤེལ་རེས་དང་འབྲེལ་བ་དམ་ཟབ་བྱེད་ཤུགས་ཆེ་རུ་འགྲོ་བ་དང་མི་རིགས་ཀྱི་རྒྱུ་རྐྱེན་ལས་བྱུང་བའི་འགལ་བ་མང་དུ་འགྲོ་བ་གཉིས་མཉམ་དུ་གནས་པ་དང་བཞི། མི་རིགས་ཁ་བྲལ་དང་ཆོས་ལུགས་ཐད་ཀྱི་ཐལ་སྐྱོད། གཏུམ་སྤྱོད་འཇིགས་སྐུལ་ལ་འཐབ་རྩོད་བྱེད་པར་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་ཡོད་པ་དང་ས་ཁུལ་ཁ་ཤས་ལ་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ད་དུང་གནས་ཡོད་པ་སོགས་ཀྱི་གནས་ཚུལ་ཚུད་ཡོད་པས། གནས་བབ་གསར་པའི་འོག་གི་མི་རིགས་ལས་དོན་སྐོར་གྱི་མཛུབ་སྟོན་བསམ་བློ་སྔར་བས་ཁ་གསལ་དུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཐུན་མོང་དུ་འབད་བརྩོན་བྱེད་དགོས་ཞེས་བསྟན།
  《བསམ་འཆར》དུ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་རྨང་གཞིའི་བསམ་བློ་འཛུགས་རྒྱུུ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་འབེན་འགྲུབ་པར་བྱས་ཏེ་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་གཏིང་ཟབ་ཏུ་གཏོང་རྒྱུ། སྤྱི་པའི་ཞབས་ཞུའི་རྨང་གཞིའི་ཆུ་ཚད་མཐོ་རུ་གཏོང་བ། དམངས་འཚོ་ལེགས་བཅོས་བྱ་རྒྱུ་དེ་ལས་འགན་དང་པོར་བརྩིས་ཏེ་དབུལ་སྐྱོར་རྒྱུན་འཁྱོངས་བྱེད་རྒྱུ་གཙོ་གནད་དུ་འཛིན་པ། སློབ་གསོ་དང་། ལས་ཞུགས། ཐོན་ལས་སྒྲིག་གཞི་སྙོམས་སྒྲིག རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་གཙོ་བོར་བཟུང་ནས་ཁྲོམ་རའི་གྲུབ་ཆའི་འཁོར་སྐྱོད་དང་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས། དངུལ་རྩའི་འབྲེལ་གཏུག་སོགས་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁུལ་རང་བཞིན་གྱི་ཐུན་མོང་གནད་དོན་ཐག་གཅོད་བྱ་རྒྱུ། མི་དམངས་བདེ་སྐྱིད་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཞི་མཐུན་ངང་གོང་འཕེལ་བཏང་ནས་ཁྱད་ཆོས་ལྡན་པ་དང་མི་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཚན་རིག་གི་འཕེལ་རྒྱལ་ལམ་བུའི་ཐོག་བསྐྱོད་དགོས་ཞེས་བསྟན།
  《བསམ་འཆར》དུ། ཕན་ཚུན་འདྲེས་འདྲེས་རང་བཞིན་གྱི་སྤྱི་ཚོགས་གྲུབ་ཆ་དང་སྡེ་ཁུལ་ཁོར་ཡུག་སྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། མི་རིགས་ཁག་གི་མང་ཚོགས་བར་ཕན་ཚུན་ཤེས་རྟོགས་དང་། བརྩི་འཇོག ཁོག་ཡངས། སྤྲོ་དགའ། སློབ་སྦྱོང་། རོགས་རམ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། ཁྱོན་ཡོངས་ནས་གཏིང་ཟབ་ལ་དུས་ཡུན་རིང་བའི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་གསར་གཏོད་བྱེད་སྒོ་སྤེལ་ཏེ། རྒྱུན་གཏན་དང་། བསམ་པའི་སྤེལ་རེས། བྱ་སྤྱོད། གཞི་རིམ་བཅས་གཙོ་བོར་འཛིན་དགོས་པ་དང་། མི་ཆོས་རིག་གནས་དང་། དངོས་གཟུགས་ཅན། སྤྱི་ཡོངས་ཅན་ལ་སྣང་ཆེན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་རྒྱུན་སྤྱོད་སྐད་ཡིག་སློབ་གསོ་ལག་བསྟར་བྱེད་དགོས་པ་དང་། ཁྱོན་ཡོངས་ནས་རྒྱལ་ཁབ་ཀྱི་རྒྱུན་སྤྱོད་སྐད་ཡིག་སློབ་ཚན་འཛུགས་དགོས་པ། ཁྱོན་ཡོངས་ནས་རྒྱལ་ཁབ་ཀྱི་རྒྱུན་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་སློབ་མས་རྒྱལ་ཁབ་ཀྱི་རྒྱུན་སྤྱོད་སྐད་ཡིག་སྤྱིའི་ཆ་ནས་ཁོངས་སུ་ཆུད་པ་དང་བེད་སྤྱོད་ཐུབ་པར་འགན་སྲུང་བྱེད་དགོས་པ་དང་ཆབས་ཅིག་གྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་ཐོག་ནས་སློབ་གསོ་མྱོང་བའི་དབང་ཆར་བརྩི་འཇོག་དང་འགན་སྲུང་བྱས་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་གསོའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་དང་། མི་རིགས་ས་ཁུལ་དུ་ལས་དོན་སྒྲུབ་བཞིན་པའི་རྒྱ་རིགས་ལས་བྱེད་པས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྟོགས་འོས་ཟེར།
  《བསམ་འཆར》དུ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་གསོ་སྤེལ་ཧུར་ཐག་བྱས་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ནས་ཀྲུང་གོ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མཉམ་དུ་བསྐྲུན་པའི་རྒྱལ་ཁབ་ཅིག་དང་། ཀྲུང་ཧྭ་རིག་གནས་ནི་མི་རིགས་ལྔ་བཅུ་ང་དྲུག་གི་རིག་གནས་ཚུད་པའི་རིག་གནས་ཤིག་ཡིན་པ། ཀྲུང་ཧྭའི་དཔལ་ཡོན་ནི་མི་རིགས་ཁག་གིས་མཉམ་དུ་གཏོད་པའི་དཔལ་ཡོན་ཞིག་ཡིན་པ། ཀྲུང་ཧྭ་མི་རིགས་ནི་མི་རིགས་ཁག་ལ་དབང་བའི་ཁྱིམ་ཚང་ཆེན་མོ་ཞིག་ཡིན་པ་ཤེས་རྟོགས་གཏིང་ཟབ་ཐུབ་རྒྱུར་ཁྲིད་སྟོན་བྱས་ཏེ། མི་རིགས་ཁག་འོ་ཆུ་འདྲེས་པ་དང་། གཅིག་ལ་གཅིག་བརྟེན། བདེ་སྡུག་མཉམ་མྱོང་། གཟི་བརྗིད་དང་བརྙས་བཅོས་མཉམ་མྱོང་ཡིན་པའི་འདུ་ཤེས་སྲ་བརྟན་ཞིག་འཛུགས་དགོས་པའི་བླང་བྱ་བཏོན་ཡོད།
  《བསམ་འཆར》དུ། མི་རིགས་ལས་དོན་གྱི་ཁྲིམས་ལུགས་ཁྲིམས་སྲོལ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་ནན་པོ་བྱེད་དགོས་པ་དང་། མི་རིགས་ལས་དོན་དང་འབྲེལ་བའི་ཁྲིམས་སྲོལ་དོན་ཚན་བཟོ་བཅོས་དང་འཐུས་ཚང་དུ་གཏོང་དགོས། ཁྲིམས་ལྟར་མི་རིགས་རྒྱུ་རྐྱེན་དང་འབྲེལ་བའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་དགོས་པ་དང་། ཁྲིམས་ལུགས་ཀྱི་ཁྱབ་ཁོངས་ནང་དང་ཁྲིམས་འཛིན་གྱི་འཁོར་ལམ་ཐོག་མི་རིགས་རྒྱུ་རྐྱེན་དང་འབྲེལ་བའི་གནད་དོན་ཐག་གཅོད་བྱེད་དགོས་པ་ལས་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་དམངས་དོན་དང་ཉེས་དོན་གནད་དོན་མི་རིགས་གནད་དོན་དུ་བསྡུ་མི་རུང་བ་དང་། མི་རིགས་ས་ཁུལ་དུ་ཐོན་པའི་སྤྱིར་བཏང་གི་འགལ་ཟླ་དང་རྩོད་གཞི་མི་རིགས་གནད་དོན་དུ་བསྡུ་མི་རུང་ཞེས་བཏོན་ཡོད་པ་རེད།
  《བསམ་འཆར》དུ། མི་རིགས་ལས་དོན་གྱི་མགོ་ཁྲིད་ལམ་ལུགས་དང་བྱ་བའི་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས་ཏེ། ལས་བྱེད་པའི་དཔུང་སྡེར་སྔར་ལས་ཤུགས་སྣོན་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པར་གསོ་སྐྱོང་དང་བློ་ཁོག་ཆེན་པོས་ཡར་འཐེན། ཡིད་ཆེས་བཅས་བྱེད་དགོས་ཤིང་། ཡུན་རིང་པོར་མི་རིགས་ས་ཁུལ་དུ་ལས་ཀ་གཉེར་བའི་རྒྱ་རིགས་ལས་བྱེད་པ་གསོ་སྐྱོང་བྱས་ཏེ་ལས་བྱེད་པའི་དཔུང་སྡེའི་སྒྲིག་གཞི་ལུགས་མཐུན་དུ་གཏོང་དགོས། ཤེས་ལྡན་པའི་དཔུང་སྡེ་ཕུལ་ཏུ་བྱུང་བ་བསྐྲུན་དགོས་ན། མི་རིགས་ས་ཁུལ་གྱི་ཤེས་ཡོན་པ་དང་ཁྱད་པར་དུ་མི་རིགས་གྲངས་ཉུང་གི་རྐང་འཛིན་ཤེས་ཡོན་པ་གསོ་སྐྱོང་ལ་མཐོང་ཆེན་བྱེད་དགོས།  གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། ཏང་གི་སྤྱོད་ཚུལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས་ཞེས་བསྟན།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག