ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཐེན་ཅིན་གྲུ་ཁའི“8·12”དོན་རྐྱེན་ཐད་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུའི་ཚོགས་འདུ་འཚོགས།

2015-08-20
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་20ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་ཐེན་ཅིན་གྲུ་ཁའི“8·12”རུའེ་ཧའེ་ཀུང་སིའི་ཉེན་ཆེའི་དངོས་རྫས་མཛོད་ཁང་གི་མེ་སྐྱོན་དང་འབར་གས་ཀྱི་དོན་རྐྱེན་ཧ་ཅང་ཚབས་ཆེན་གྱི་ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་བྱས་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་སྙན་སེང་གསན་ནས་གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གལ་ཆེའི་གསུང་བཤད་ཀྱང་གནང་བ་རེད།
   ཚོགས་འདུའི་ཐོག་ཐེན་ཅིན་གྲུ་ཁའི“8·12”རུའེ་ཧའེ་ཀུང་སིའི་ཉེན་ཆེའི་དངོས་རྫས་མཛོད་ཁང་གི་མེ་སྐྱོན་དང་འབར་གས་ཀྱི་དོན་རྐྱེན་ཧ་ཅང་ཚབས་ཆེན་ཐོན་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་པས། ཁྲག་གི་བསླབ་བྱ་ཟབ་མོ་སྤྲད་ཡོད། དོན་རྐྱེན་ཐོན་རྗེས་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་ནས་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་ལས་དོན་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་དོན་ཚོགས་ཆུང་གི་མཛུབ་ཁྲིད་འོག་ཐེན་ཅིན་གྲོང་ཁྱེར་གྱིས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། འབྲེལ་ཡོད་སྡེ་ཚན་བཅས་དང་མཉམ་དུ་ཕྱར་བ་གྲུ་འདེགས་དང་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱས་པ་དང་ལྷག་དོན་དུ་དྲག་ཆས་ཉེན་རྟོག་དང་། སྤྱི་བདེ། ཁེ་ལས་བཅས་ཀྱི་མེ་ཟོན་རུ་མིས་དོན་རྐྱེན་ཐོན་སར་སྲོག་ཉེན་ལ་མ་འཛེམས་པར་གདོང་མཆོང་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད་རང་སྲོག་བློས་བཏང་ཡོད། མིག་སྔར་མི་སྣ་འཚོལ་སྐྱོབ་དང་། རྨས་མ་སྐྱོབ་བཅོས། ཁོར་ཡུག་ལྟ་ཞིབ་ཚད་ལེན། དོན་རྐྱེན་ཐོན་ས་གཙང་བཟོ། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྐབས་བཀོད་སྒྲིག དོན་རྐྱེན་བརྟག་དཔྱད། ཆ་འཕྲིན་ཁྱབ་བསྒྲགས། རྗེས་འཇུག་སོགས་ཀྱི་ལས་དོན་ཁག་སྤེལ་བཞིན་ཡོད་པ་དང་དོན་རྐྱེན་གྱི་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
ཚོགས་འདུའི་ཐོག་དོན་རྐྱེན་གྱི་ཉེན་སེལ་རོགས་སྐྱོབ་དང་རྗེས་འཇུག་སོགས་ཀྱི་ལས་དོན་ཁག་གི་ལས་འགན་ཧ་ཅང་ལྕི་པོ་ཡིན་པས། འབྲེལ་ཡོད་ཕྱོགས་ཁག་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་དེ་བས་ནུས་ལྡན་གྱི་བྱེད་ཐབས་དང་དེ་བས་ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱད་དེ་ཏན་ཏན་ཏིག་ཏིག་ངང་ལས་དོན་ཁག་ཡག་པོ་སྒྲུབ་དགོས་ཞེས་ནན་བཤད་གནང་བ་སྟེ།
   གཅིག་ནས་མུ་མཐུད་ནུས་ཤུགས་ཡོད་རྒུས་ཉེན་གྱར་མི་སྣ་འཚོལ་སྐྱོབ་བྱེད་དགོས། ཚེ་སྲོག་མྱུར་སྐྱོབ་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བཞག་ནས་མུ་མཐུད་མི་སྣ་བཏང་སྟེ་དོན་རྐྱེན་ཐོན་ས་དང་དེ་བཞིན་ཉེ་འཁོར་ས་ཁོངས་སུ་ཡང་སྐོར་བསྐྱར་སྐོར་ངང་གྲལ་བཤེར་བྱས་ནས་འབྲེལ་ཆད་མི་སྣ་གཅིག་ཀྱང་དབྱུག་མི་གཞོག་དང་། ཤི་རྨས་བྱུང་བ་དང་དེ་བཞིན་འབྲེལ་ཆད་མི་སྣའི་གནས་ཚུལ་ཞིབ་བསྡུར་བྱས་ཏེ་ཞིབ་བསྡུར་གསལ་ལ་ནོར་འཛོལ་མི་ཡོང་བའི་འགན་ལེན་བྱེད་དགོས་པ་དང་།
   གཉིས་ནས་ཐབས་བརྒྱ་ཇུས་སྟོང་ངང་རྨས་མ་སྐྱོབ་བཅོས་བྱེད་དགོས། སྐྱོབ་བཅོས་ལས་དོན་གྱི་མཛུབ་ཁྲིད་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་མི་སྣ་དང་ཐོན་ཁུངས་སྐོང་འཐེན་གྱིས་ནུས་ཤུགས་ཡོད་རྒུས་རྨས་སྐྱོན་ཕོག་མཁན་སྐྱོབ་བཅོས་བྱེད་དགོས། རྨས་སྐྱོན་ཚབས་ཆེན་ཕོག་པར་སྐྱོབ་བཅོས་ཀྱི་ཇུས་གཞི་རིམ་བཞིན་བཏིང་ནས་རྨས་མར་ནད་གཡོག་ཡག་པོ་རྒྱུག་པ་དང་ན་ཚ་དྲག་སྐྱེད་ཡོང་བ་བྱས་ཐོག་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རྨས་ནས་འཆི་བ་དང་རྨས་ནས་དབང་པོ་སྐྱོན་ཅན་དུ་འགྱུར་ཚད་ཉུང་དུ་གཏོང་དགོས་པ།
   གསུམ་ནས་གོ་རིམ་ལྡན་པའི་ངང་དོན་རྐྱེན་ཐོན་ས་གཙང་བཟོ་བྱེད་དགོས། ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་པ་དང་དོན་རྐྱེན་ཐོན་སར་ལུས་པའི་ཉེན་ཡོད་རྫས་འགྱུར་དངོས་རྫས་ཤེས་རྟོགས་ཡང་དག་བྱས་ནས་ཚན་རིག་དང་མཐུན་པའི་ངང་དོན་རྐྱེན་ཐོན་ས་གཙང་མ་བཟོ་བའི་ཇུས་གཞི་བཟོ་དགོས། བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འབར་གས་སླ་བའི་ཉེན་ཡོད་རྫས་འགྱུར་དངོས་རྫས་ཐག་གཅོད་ནན་པོ་བྱས་ཏེ་ཞོར་སྐྱོན་ཐོན་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པ།
   བཞི་ནས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་དོན་རྐྱེན་ཐོན་སའི་ཉེ་འཁོར་གྱི་རླུང་ཁམས་ཆེ་མོ་དང་། ས། ཆུ་སོགས་ལ་ཆུ་ཚོད་24ཡི་རིང་དུས་མཚམས་མེད་པར་ལྟ་ཞིབ་ཚད་ལེན་བྱས་ནས་ཡང་དག་ངང་ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞི་ཁྱབ་བསྒྲགས་བྱེད་པ་དང་འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་འཐུས་ཚང་དུ་བཏང་སྟེ་ཁོར་ཡུག་སྦགས་བཙོག་བཟོ་བའི་དོན་རྐྱེན་ཚབས་ཆེན་ཐོན་རྒྱུ་བཀག་འགོག་ནན་པོ་བྱེད་དགོས་པ།
   ལྔ་ནས་རྗེས་འཇུག་ལས་དོན་ཡག་པོ་སྒྲུབ་དགོས། དོན་རྐྱེན་དབང་གིས་རྨས་སྐྱོན་ཕོག་མཁན་དང་དེ་བཞིན་རྐྱེན་ལམ་དུ་ཤོར་བ་དང་གར་སོང་ཆ་མེད་དུ་གྱུར་པའི་གཉེན་ཚན་ལ་རོགས་རམ་དང་སེམས་གསོ་བཏང་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གནས་སྐབས་འཚོ་བར་རོགས་སྐྱོབ་བྱེད་པའི་ལས་དོན་འོས་འཚམ་ངང་བཀོད་སྒྲིག་བྱེད་པ་དང་། དོན་རྐྱེན་ཐོན་སའི་ཉེ་འགྲམ་གྱི་མང་ཚོགས་དང་དེ་བཞིན་ཁེ་ལས་ཀྱིས་གནོད་འཚེ་ཕོག་ཚུལ་ཞིབ་བསྡུར་ལ་དམ་འཛིན་བྱས་ཏེ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་དང་ལུགས་དང་མཐུན་པའི་ངང་རོགས་སྐྱོབ་དང་ཁ་གསབ་ཀྱི་ཇུས་གཞི་ཞིབ་འཇུག་གཏན་འཁེལ་བྱེད་དགོས། ཚེ་སྲོག་ཤོར་བའི་མེ་ཟོན་མི་སྣ་སྒྲིག་ཁོངས་གང་དུ་གཏོགས་རུང་ཕྱོགས་རིས་མེད་པའི་ངང་གཟི་བརྗིད་མཚན་སྙན་སྤྲོད་པ་དང་གོད་གསབ་ཡག་པོ་བྱེད་དགོས་པ།
   དྲུག་ནས་ཆ་འཕྲིན་ཁྱབ་བསྒྲགས་དང་གླེང་ཕྱོགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། དུས་ཐོག་དང་། གནད་འཁེལ། ཡོངས་བསྒྲགས། ཁ་གསལ་གཏིང་གསལ་བཅས་ཀྱི་རྩ་དོན་གཞིར་བཟུང་དོན་རྐྱེན་དང་དེ་བཞིན་ཐག་གཅོད་བྱས་པའི་དབང་གྲགས་ལྡན་པའི་ཆ་འཕྲིན་རང་འགུལ་ངང་ཁྱབ་བསྒྲགས་བྱས་ནས་མང་ཚོགས་ཀྱི་དོ་ཁུར་བྱེད་སར་ལན་ཧུར་ཐག་འདེབས་དགོས་པ།
   བདུན་ནས་དོན་རྐྱེན་གྱི་འགན་འཁྲི་རྩད་གཅོད་མཐར་ཕྱིན་བྱེད་དགོས་པ་མ་ཟད། འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་དོན་རྐྱེན་བརྟག་དཔྱད་ཚོགས་ཆུང་གིས་དོན་རྐྱེན་འབྱུང་རྐྱེན་བརྟག་དཔྱད་གསལ་པོ་བྱེད་པ་དང་། དོན་རྐྱེན་གྱི་ངོ་བོ་དང་འགན་འཁྲི་རྩད་གཅོད་ཡང་དག་བྱེད་པ། དོགས་གནད་ཕྲན་བུ་ཙམ་ཡང་མི་འཇོག་པ། སུ་དང་འབྲེལ་བ་ཡོད་ནའང་རྩད་གཅོད་མཐར་ཕྱིན་བྱེད་པ། ཁྲིམས་དང་སྒྲིག་ཁྲིམས་གཞིར་བཟུང་འགན་འཁྲི་བདའ་འདེད་གཏོང་བ། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ་དང་། འགན་ཤོར་དོན་རྐྱེན་ཐོན་པ། སྒྲིག་འགལ་ཁྲིམས་འགལ་བཅས་དང་འབྲེལ་བ་ཡོད་རིགས་རྒྱ་ཡན་དུ་གཏན་ནས་གཏོང་མི་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ལ་འགན་འཁུར་བའི་ལན་ཞིག་འདེབས་དགོས་པའི་ནན་བཤད་གནང་བ་རེད།
   ཚོགས་འདུའི་ཐོག་ཉེ་དུས་ས་ཁུལ་ཁག་གཅིག་ཏུ་གཅིག་རྗེས་གཉིས་མཐུད་ངང་བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཧ་ཅང་ཚབས་ཆེན་ཐོན་ཞིང་། དེ་ཐོག་ནས་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་སུ་གནད་དོན་མངོན་གསལ་དོད་པོ་དང་དུས་བབ་ཛ་དྲག་པོ་ཡོད་པ་སླར་ཡང་མངོན་ཡོད་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གཅིག་ཤེས་ཀུན་གྲོལ་ལྟར་བདེ་འཇགས་ངང་འཕེལ་རྒྱས་གཏོང་བའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། བདེ་འཇགས་ཐོན་སྐྱེད་ལམ་ལུགས་ཀྱི་ཚད་གཞི་དང་གཏན་འབེབས་འཕྲལ་མར་འཐུས་ཚང་དུ་གཏོང་བ། བདེ་འཇགས་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་སྣ་ཚོགས་ནུས་ལྡན་ངང་སེལ་བ། དོན་རྐྱེན་ཧ་ཅང་ཚབས་ཆེན་ཐོན་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་ཁྱོན་ཡོངས་ནས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་རྩོམ་ཡིག