བསླབ་གནས་མཐོ་བའི་གློག་བརྙན་བཟོ་མཁན་ཞིག་ཤེས་རིག་དར་མེད་ཅིང་ནགས་སུ་གནས་པའི་རྔོན་པ་ཞིག་གི་ཆུང་མ་བྱས་ཟེར་ན། གཏན་ནས་རྣར་མི་འགྲོ་བའི་དོན་ཞིག་ཡིན་མོད་ཀྱང་། འདི་ནི་ལྷོ་ཨ་རིའི་ཨེ་ཁྭ་ཏོར་ས་ཁུལ་གྱི་ཨཱ་མ་སོན་གཙང་པོ་འབབ་ཡུལ་དུ་བྱུང་ཡོད་པའི་གནས་ཚུལ་ངོ་མ་ཞིག་ཡིན། དབྱིན་ཇིའི 《ཉིན་རེའི་སྦྲག་ཚགས》སུ་བཀོད་པ་ལྟར་ན། ལོ ༢༡ ལ་སོན་པའི་བུ་མོ་སཱེ་རཱ་པའེ་གྟི་མུའུ་བྱ་བ་དེ་ཨཱ་མ་སོན་ནགས་ཁྲོད་ཀྱི་ཧྭ་ཨའོ་རཱ་ནེ་རིགས(Huaorani)ཀྱི་ཚོ་བ་ཞིག་དུ་བདུན་ཕྲག་གཉིས་ལ་བསྡད་པ་བརྒྱུད། ཚོ་བ་དེ་གའི་དཔའ་རྒོད་ཅིག་དང་མཉམ་དུ་གཉེན་སྒྲིག་གི་མཛད་སྒོ་སྤེལ་ཏེ་རྒྱལ་མོའི་མཚོན་རྟགས་སུ་གྱུར་པའི་ཤིང་ཏ་ལའི་ལོ་མའི་མགོ་རྒྱན་བཏགས་ཡོད།
དེས་སྔོན་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་ནང་། ཨ་རིའི་ཆོས་སྤེལ་མཁན་ལྔ་ནགས་ཁྲོད་ཀྱི་ཚོ་བ་འདི་རུ་འཛུལ་བའི་ལས་ལ་བརྩམས་ཀྱང་། སྟབས་མ་ལེགས་པར་ཁོ་ཚོ་ཚང་མ་རྐྱེན་ལམ་དུ་ཤོར་ནས་ཕྱིར་ཡོང་མེད་པར་གྱུར། ཡིན་ཡང་སྨྱན་ལམ་ཁག་གི་མདུན་དུ་སཱེ་རཱས་མོ་རང་ལ་ཚོ་བ་དེ་གའི་མི་རྣམས་ཀྱི་དགའ་བསུ་ཆེན་པོ་འཐོབ་པ་དང་། ཚོ་བ་དེའང་སྨྱན་ལམ་ཁག་ན་བཤད་པ་ནང་བཞིན་གྱི་དམུ་རྒོད་ཀྱི་ས་ཞིག་ཡིན་མི་འདུག་ཚུལ་བཤད་དེ་དེ་སྔའི་བཤད་རྒྱུན་ལ་འགྱུར་ལྡོག་བྱུང་དུ་བཅུག་ཡོད།
སཱེ་རཱ་ཆུར་རྐྱལ་མི་ཤེས་ཀྱང་ཚོ་བ་འདི་ལ་རྩད་ཞིབ་བྱེད་ཆེད། ཆེས་ཐག་ཉེ་སའི་གྲོང་རྡལ་ཞིག་ནས་རང་གི་ལས་གྲོགས་དང་མཉམ་དུ་གྲུ་ལ་བསྡད་དེ་ཆས་ཤིང་། ཉིན་གཉིས་ཀྱི་གྲུ་ལམ་ལ་བསྐྱོད་པ་ན་ད་གཟོད་བདེ་བླག་ངང་ཚོ་བ་དེའི་ཕྱི་འབྲེལ་མི་སྣ་དང་ཐུག་ཐུབ་སོང་། དེ་སྔར་བསྒྲགས་པའི་ཐ་ཚིག་དག་དང་ཡོངས་སུ་མི་འདྲ་བ་ཞིག་ལ། མོ་རང་གནས་དེ་གའི་མི་རྣམས་དང་ཧ་ཅང་འཆམ་པོ་བྱུང་ཡོད།
བདུན་ཕྲག་གཉིས་རིང་ལ། སཱེ་རཱ་ཚོ་བའི་བུད་མེད་རྣམས་དང་ཞི་བདེའི་ངང་མཉམ་གནས་བྱས་ཡོད། ཁོ་མོར་དུས་རྒྱུན་ཚོ་བའི་ནང་གི་སི་ཕེན་སྐད་བཤད་ཤེས་མཁན་དག་གིས་ལོ་ཙཱ་བྱས་ཚེ་གཞི་ནས་བརྡ་ལེགས་པོ་འཕྲོད་ཐུབ་ཀྱང་། སྐད་རིགས་ཀྱི་བཀག་རྒྱས་ཁོ་མོ་ཚོའི་བར་གྱི་མཛའ་བརྩེ་ལ་གནོད་པ་བཏང་མེད།
ཟོལ་མེད་ཀྱི་ལྷག་བསམ་དེ་མཚོན་ཕྱིར་ཁོ་མོ་ཚོས་སཱེ་རཱ་ལ་མིང་གསར་པ་ཞིག་བཏགས་ཡོད་ལ། མཇུག་མཐའི་གཉེན་སྒྲིག་གི་མཛད་སྒོ་དེའང་ལྷག་བསམ་མཚོན་པའི་ཆ་ཤས་ཤིག་ཡིན་ཞིང་། དེས་སཱེ་རཱ་དང་ཚོ་བ་འདི་གཉིས་བར་གྱི་ཕན་ཚུན་ཡིད་ཆེས་ཀྱི་རྣམ་པ་མཚོན་ཡོད།
ཧྭ་ཨའོ་རཱ་ནེ་རིགས་ཀྱི་ཚོ་བ་ཆུང་ཆུང་འདི་ལ་མི ༣༠༠༠ ཡོད་ཅིང་། ཁོ་ཚོ་དང་མཉམ་འདྲེས་བྱས་རིང་སཱེ་རཱས་རྩྭ་ལོའི་གོན་པ་བཟོ་ཚུལ་བསླབས་ཡོད་པ་མ་ཟད། རླུང་འདྲེན་སྦུབས་ལམ་སྤྱད་དེ་རི་དྭགས་རྔོན་ཐབས་ཀྱང་སྦྱངས་ཡོད། བརྙན་ཕབ་ལས་ཀ་མཇུག་རྫོགས་ལ་ཉེ་དུས་སུ། སཱེ་རཱ་རང་ལས་ལོ་སུམ་ཅུས་ཆེ་བའི་ཚོ་བའི་དཔའ་བོ་ཅིན་ཁི་དོ་དང་མཉམ་དུ་རྟགས་མཚན་ཙམ་གྱི་གཉེན་སྒྲིག་གི་མཛད་སྒོ་ཞིག་སྤེལ་ཡོད། ཚོ་བའི་དཔའ་བོ་འདིས་རང་རིགས་ཀྱི་སྐད་ལས་བྱང་ཆ་མེད་པའི་སི་ཕེན་གྱི་སྐད་ཁ་ཤས་ལས་བཤད་ཤེས་མི་འདུག
སྒྲེན་གཟུགས་ཀྱི་གཉེན་སྟོན་མཛད་སྒོ་འདིའི་སྟེང་། སཱེ་རཱས་ཚོ་བའི་རྒྱལ་མོ་མཚོན་པའི་ཤིང་ཏ་ལའི་ལོ་མའི་མགོ་རྒྱན་དེ་བཏགས་ཡོད། བརྙན་ཆས་མདུན་དུ་ཁོ་མོས་མོ་ལ་མཚོན་ན་སྒྲེན་པོར་བརྙན་དུ་ཕབ་རྒྱུ་ནི་དང་ལེན་བྱེད་དཀའ་བ་ཞིག་ཡིན་པ་དང་། ཐ་ན་སྐབས་ཤིག་རིང་དེ་ནས་བྲོས་འབྲོ་རྒྱུ་ཡང་བསམ་མྱོང་བར་བཤད། བཤད་མཚམས་འདིར་སླེབས་དུས་ཚང་མས་འདི་ནི་ཁོ་མོའི་བརྙན་ཕབ་ལས་འགན་གྱི་ཆ་གཅིག་ཡིན་པ་ཕལ་ཆེར་ཚོར་ཡོད་སྲིད།
མིག་སྔར་འཛམ་གླིང་ས་གནས་སོ་སོའི་ཆར་ནགས་ལ་མིའི་རིགས་ཀྱི་གཏོར་བརླག་ཐེབས་ཡོད་པས། སྔར་ཡོད་ཀྱི་རང་བྱུང་མཛེས་ཉམས་ཤིག་རྩ་བ་ནས་ཡལ་འགྲོ་བཞིན་འདུག ཆར་ནགས་ཀྱི་འོག་ཏུ་ཕུན་སུམ་ཚོགས་པའི་གཏེར་རྫས་ཀྱི་རིགས་དང་ཁྱད་པར་དུ་རྩ་ཆེའི་མ་བཅོས་རྡོ་སྣུམ་ཡོད་རྐྱེན། རྡོ་སྣུམ་ཀུང་ཟི་མང་པོས་གནས་འདི་ལ་ཧམ་སེམས་ཆེན་པོ་བཅངས་ཡོད་ཅིང་། ཐ་ན་མི་ཁ་ཤས་ཀྱིས་སྲིད་གཞུང་གི་ཆོག་མཆན་ཡང་མ་རགས་པར་ས་དེ་གར་རང་དགར་གྱིས་ཁྲོན་པ་དྲུས་ཏེ་རྩད་ཞིབ་ཐིག་ལེན་བྱས་ཡོད་པས། ལོ་ཁ་ཤས་ཙམ་ནང་ཧྭ་ཨའོ་རཱ་ནེ་རིགས་ཀྱི་ས་ཁོངས་ནང་རྒྱ་ལམ་མང་དུ་བྱུང་ཡོད།
སཱེ་རཱས་ཁོ་མོའི་དངོས་བཤུས་གློག་བརྙན་ཕབ་སྐྲུན་ཚོགས་པ་ཁྲིད་དེ་ཨེ་ཁྭ་ཏོར་ས་ཁོངས་ཀྱི་ཨཱ་མ་སོན་གཙང་བོ་འབབ་ཡུལ་དུ་ཐོན་ཞིང་། ཧྭ་ཨའོ་རཱ་ནེ་རིགས་ཀྱི་ཚོ་བ་འདིའི་འཚོ་བ་བརྙན་དུ་ཕབ་ཡོད་ཅིང་། དེ་བས་ཀྱང་རྟགས་མཚན་རང་བཞིན་གྱི་གཉེན་སྒྲིག་མཛད་སྒོ་ཞིག་སྤེལ་བ་བརྒྱུད། སྨྱན་ལམ་ཁག་གི་དོ་སྣང་བྱུང་བཅུག་སྟེ་གནས་དེའི་མི་རྣམས་ཀྱིས་རྡོ་སྣུམ་ཀུང་ཟི་ལ་བཟུང་བའི་མི་འདོད་པའི་རྣམ་འགྱུར་དེ་བརྒྱུད་སྤྲོད་བྱེད་འདོད་པ་དེ་རེད།
དོན་དངོས་ཐོག་སཱེ་རཱ་ནི་སྡིག་སྲིན་ཟ་མཁན་ཐོག་མ་དེ་ཡིན་མི་འདུག ལོ་གཉིས་ཀྱི་ཡར་སྔོན་དུ་ཨ་མ་མོ་ཧྲང་ཅན་ཁའེ་ལིན་མའོ་ལི་སི་ཡང་ཚོ་བའི་དཔའ་བོ་འདི་དང་གཉེན་སྒྲིག་གི་མཛད་སྒོ་སྤེལ་མྱོང་ཡོད། དེ་དུས་ཁོ་མོ་ནི་དབྱིན་ཇིའི BBC ཀུང་ཟིས་འཛམ་གླིང་ས་ཆ་སོ་སོའི་གཉེན་སྲོལ་གྱི་དངོས་བཤུས་གློག་བརྙན་ཞིག་ཕབ་པའི་དགོས་མཁོར་དམིགས་ཏེ་སོང་བ་ཡིན་འདུག(རྩོམ་འགན་པ། སྒྲོལ་ཚེ)