ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལི་ཁེ་ཆང་ཧྲན་ཏུང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

2016-03-08

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས་༦ཉིན་གྱི་སྔ་དྲོ་ཁོང་ཞུགས་གནང་སའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་ཧྲན་ཏུང་འཐུས་མི་ཚོགས་པར་ཕེབས་ནས། སྲིད་གཞུང་ལས་དོན་སྙན་ཞུའི་གྲོས་ཞིབ་ནང་ཞུགས་ཡོད་པ་རེད། ཅང་དབྱིད་ཁང་དང་ཀོ་ཧྲུའུ་ཆིང་། ཀྲང་ཧྲུའུ་ཆིན་སོགས་འཐུས་མིས་གཏམ་བཤད་ཚ་ཚ་འུར་འུར་སྤེལ་ཡོད་པ་རེད།

ལི་ཁེ་ཆང་གིས་ཚང་མ་དང་སྤེལ་རེས་དང་གྲོས་བསྡུར་གནང་བ་དང་། ཁོང་གིས། སྲིད་གཞུང་ལས་དོན་སྙན་ཞུའི་ནང་འདས་ཟིན་པའི་ལོ་གཅིག་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག རང་རྒྱལ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་ཐོབ་པའི་གལ་ཆེའི་གྲུབ་འབྲས་ཕྱོགས་བསྡོམས་བྱས་ནས། ང་ཚོས་དཀའ་ངལ་སྣ་ཚོགས་ལས་རྣམ་པར་རྒྱལ་བར་བྱེད་པའི་སེམས་ཤུགས་བརྟན་དུ་བཏང་ཡོད། ད་ལོའི་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་མདུན་དུ། བློ་རིག་གཅིག་བསྡུས་དང་སྟོབས་ཤུགས་གཅིག་སྒྲིལ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ན་ང་ཚོར་ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་དང་ལས་འགན་གཙོ་བོ་ལེགས་འགྲུབ་བྱེད་པའི་ནུས་པ་དང་ཆ་རྐྱེན་ལྡན་པ་དང་། དཔལ་འབྱོར་མྱུར་ཚད་མགྱོགས་འབྲིང་གི་འཕར་སྣོན་དང་མཐོ་གསར་ཆུ་ཚད་ལ་སླེབས་རྒྱུར་སྐུལ་འདེད་གཏོང་ཐུབ་ཅེས་དང་།

ལི་ཁེ་ཆང་གིས། རང་སྒུལ་སྒོ་ནས་སྒུལ་ཤུགས་གསར་པ་གསོ་སྤེལ་དང་དཔལ་འབྱོར་གསར་པ་གོང་འཕེལ་ཧུར་ཐག་གཏོང་རྒྱུ་དེ་མཐོ་འབྲིང་གཉིས་མངོན་འགྱུར་ཡོང་བའི་གལ་ཆེའི་རྟེན་གཞི་རེད།

གོང་འཕེལ་གྱི་འདུ་ཤེས་གསར་པར་གཞིགས་ནས་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ལྷག་པར་དུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གསར་གཏོད་ཀྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། དམངས་ཀྱི་ལས་སྐྲུན་དང་ཀུན་གྱི་གསར་སྐྲུན་ལ་སྐུལ་འདེད་གཏོང་བ། ལག་རྩལ་གསར་པ་དང་ཐོན་ལས་གསར་པ། ལས་རྣམ་གསར་པ་སོགས་གསོ་སྤེལ་བྱེད་དགོས་པ། སྲོལ་རྒྱུན་གྱི་སྒུལ་ནུས་ལེགས་བཅོས་རིམ་འཕར་དང་གོ་རིམ་ཡོད་པའི་སྒོ་ནས་ཐོན་ནུས་ལྷག་མ་མེད་པ་བཟོ་བ། སྒུལ་ནུས་གསར་རྙིང་བརྟན་པོའི་སྒོ་ནས་འབྲེལ་མཐུད་མངོན་འགྱུར་ཡོང་བ་བཅས་བྱས་ནས། སྒུལ་ཤུགས་གཉིས་ལ་བརྟེན་ནས་དཔལ་འབྱོར་རྨང་གཞི་དེ་བས་བརྟན་པ་དང་། སྟེགས་བུ་དེ་བས་མཐོ་བ། འཁོར་རྒྱུག་དེ་བས་བརྟན་པའི་འཁོར་ལམ་ཐོག་བསྐྱོར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་དང་།

ལི་ཁེ་ཆང་གིས། སྒུལ་ནུས་གསར་རྙིང་བརྗེ་འགྱུར་ལ་སྐུལ་འདེད་གཏོང་བའི་འགག་རྩ་ནི་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུས་སྒུལ་ཤུགས་བྱེད་པ་དང་། ཁེ་ལས་ཆེ་འབྲིང་ཆུང་གསུམ་དང་མཐོ་རིམ་སློབ་གྲྭ། ཚན་ཞིབ་ལས་ཁུངས། བྱ་བཞག་གསར་གཏོད་བྱེད་མཁན་སོགས་ཕྱོགས་མང་མཐུན་སྦྱོར་གྱི་གསར་གཏོད་གཉིས་ཀྱི་སྟེགས་བུ་བཙུགས་ནས། ཐོན་སྐྱེད་ལས་གཉེར་མ་དཔེ་གསར་གཏོད་དང་། མཉམ་སྤྱོད་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ། གསོན་ཤུགས་ལྡན་པའི་གསར་གཏོད་གསར་སྐྲུན་བྱེད་སྒོས་དཔལ་འབྱོར་སྤུས་ཚད་མཐོར་གདེགས་དང་ཕན་འབྲས་མཐོ་རུ་འགྲོ་བའི་རིམ་འཕར་ལ་སྐུལ་འདེད་གཏོང་དགོས་ཞེས་དང་།

ལི་ཁེ་ཆང་གིས། སྲིད་འཛིན་མཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། དམ་ལྷོད་ཟུང་འབྲེལ། ཞབས་ཞུ་བསྒྱུར་བཅོས་ལེགས་འགྱུར་བཅས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། ཁེ་ལས་ཀྱི་ལས་གཏོད་གསར་སྐྲུན་ལ་སྐུལ་འདེད་གཏོང་དགོས། སློབ་གསོ་དང་སྨན་བཅོས། སྡོད་ཁང་། སྤྱི་ཚོགས་འགན་བཅོལ། ཟ་རིགས་བདེ་འཇགས་སོགས་དམངས་འཚོའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་སྲིད་གཞུང་ལས་དོན་གྱི་གལ་ཆེའི་ཤུགས་སྣོན་རྒྱག་སར་རྩིས་ནས། དམངས་འཚོའི་མཐའ་ཐིག་དམ་བཟུང་དང་། དབུལ་གྲོལ་འགག་གཏོར་ཇེ་མགྱོགས་སུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་ཟབ་ཏུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

ལི་ཁེ་ཆང་གིས། ལོ་གཅིག་རིང་ཧྲན་ཏུང་གོང་འཕེལ་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། ཧྲན་ཏུང་གིས་གོང་འཕེལ་ལ་སྐུལ་འདེད་དང་སྒུལ་ནུས་གསར་རྙིང་བརྗེ་འགྱུར་ལ་སྐུལ་འདེད། དམངས་འཚོ་ལེགས་བཅོས་སོགས་ཀྱི་ཐད་རྒྱལ་ཡོངས་ཀྱི་མདུན་གྲལ་སྐྱོད་ཐུབ་པ་བྱས་ནས། རྒྱལ་ཡོངས་གོང་འཕེལ་ལ་གདེགས་སྐྱོར་བྱེད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།

འབྲེལ་ཡོད་རྩོམ་ཡིག