ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ནེ་པ་ལའི་ཙུང་ལི་ཨའོ་ལི་དང་མཇལ་འཛོམས་གནང་བ།

2016-03-23
        རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སྤྱི་ཚེས་༢༡ཉིན་མི་དམངས་ཚོགས་ཁང་ཆེན་མོར་ནེ་པ་ལའི་ཙུང་ལི་ཨའོ་ལི་དང་མཇལ་འཛོམས་གནང་ཡོད་པ་རེད། ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ནེ་པ་ལ་ཕྱོགས་གཉིས་པོས་མཐོ་རིམ་འབྲེལ་གཏུག་གི་ཆབ་སྲིད་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེ་རྒྱུར་ཤུགས་སྣོན་རྒྱབ་སྟེ། ཀྲུང་གོ་དང་ནེ་པ་ལའི་འབྲེལ་བ་དེ་ཞི་མཐུན་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་ཐོག་བརྟན་པོའི་ངང་མདུན་སྐྱོད་ཐུབ་པ་འགན་སྲུང་བྱེད་དགོས།
        ཕྱོགས་གཉིས་པོས་ཀྲུང་གོའི་རྒྱུད་གཅིག་དང་ལམ་གཅིག་གི་གྲོས་འགོར་སྐུལ་དེད་གཏོང་རྒྱུ་དང་ལོ་ལྔའི་འཆར་འགོད་བཅུ་གསུམ་པ་དང་ནེ་པ་ལའི་རྒྱལ་ཁབ་ཀྱི་བསྐྱར་འཛུགས་དང་གོང་འཕེལ་གྱི་འཆར་འགོད་འབྲེལ་མཐུད་བྱས་ཐོག ཀྲུང་གོ་དང་ནེ་པ་ལའི་རང་མོས་ཉོ་ཚོང་ཁུལ་གང་མགྱོགས་འཛུགས་རྒྱུ་དང་། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དང་ཐོན་ནུས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་པ། ཕྱོགས་གཉིས་པོས་གཞུང་ལམ་དང་འགག་སྒོའི་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱབ་ཏེ། ཕྱོགས་གཉིས་པོའི་གཉིས་འབྲེལ་མཉམ་མཐུད་ཀྱི་ཆུ་ཚད་སྔར་བས་གོང་མཐོར་གཏོང་རྒྱུའི་རེ་བ་བྱེད་པ་དང་། ཀྲུང་གོའི་ཕྱོགས་ནས་ནེ་པ་ལས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་གོང་འཕེལ་ཁྲོད་ཕན་པ་ཐོབ་པ་དང་། ནེ་པ་ལའི་བརྟན་ལྷིང་དང་གོང་འཕེལ་ཡང་ཀྲུང་གོ་དང་རྒྱ་གར་གྱི་ཐུན་མོང་ཁེ་ཕན་དང་མཐུན་པའི་རེ་བ་བྱེད་བཞིན་ཡོད།
        ནེ་པ་ལས་ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་ཟམ་བྱེད་ཆོག ང་ཚོས་ཀྲུང་གོ་དང་ནེ་པ་་ལ། རྒྱ་གར་བཅས་ཕྱོགས་གསུམ་གྱི་མཉམ་ལས་བྱ་རྒྱུར་མུ་མཐུད་དཔྱད་ཞིབ་བྱེད་ཆོག་ཅེས་གསུངས་འདུག
        ཨའོ་ལིས་ནེ་པ་ལས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས་སྟོབས་ཤུགས་གང་རུང་གིས་ནེ་པ་ལའི་མངའ་ཁོངས་ནང་ཀྲུང་གོའི་ཁེ་ཕན་ལ་གནོད་པའི་བྱེད་སྒོ་སྤེལ་འཇུག་གི་མིན། ནེ་པ་ལས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་མུ་མཐུད་ནེ་པ་ལ་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་གཏིང་ཟབ་གཏོང་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་དང་། ཁོང་གིས་རྒྱུད་གཅིག་དང་ལམ་གཅིག་གི་འཛུགས་སྐྲུན་ལ་གདེང་འཇོག་མཐོ་པོ་གནང་བར་མ་ཟད། དེའི་ནང་ཐེ་ཞུགས་ཧུར་ཐག་བྱེད་འདོད་ཡོད་པ་དང་། ཕྱོགས་གཉིས་པོས་ཉོ་་ཚོང་དང་དངུལ་རྩ། མཉམ་འབྲེལ་མཉམ་མཐུད། རྨང་གཞིའི་སྒྲིག་བཀོད། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། རྒྱལ་སྤྱིའི་བྱ་དོན་ནང་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་འདུག
འབྲེལ་ཡོད་རྩོམ་ཡིག