སྤྱི་ཟླ་༣ཚེས་༢༨ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཆེད་གཏོང་གནམ་གྲུར་ཞུགས་ནས་པུ་ལ་གར་ཕེབས་འབྱོར་ཟིན་པ་དང་ཅེ་ཁེ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་ཡོད་པ་རེད།
ཞིས་ཅིན་ཕིང་ཞུགས་པའི་ཆེད་གཏོང་གནམ་གྲུ་ཅེ་ཁེའི་མཁའ་དབྱིངས་སུ་ཕེབས་སྐབས་ཅེ་ཁེའི་བྱ་གླག་རྟགས་ཅན་གྱི་དམག་འཐབ་གནམ་གྲུས་སྲུང་སྐྱེལ་བྱས་ཡོད་པ་དང་ས་གནས་དེ་གའི་དུས་ཚོད་ཕྱི་དྲོའི་ཆུ་ཚོད་གཉིས་པ་ལྷག་ཙམ་ལ་ཆེད་གཏོང་གནམ་གྲུ་པུ་ལ་ག་གནམ་གྲུ་ཐང་དུ་འབྱོར་བ་དང་ཞིས་ཅིན་ཕིང་གནམ་གྲུ་ནས་དོན་གནང་མ་ཐག་ཅེ་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཀྲ་ཨའོ་ལ་ལེའི་ཁེ་དང་ཙུང་ཐུང་གཞུང་ལས་ཐིང་གི་ཀྲུའུ་རིན་མི་ན་རེ་སོགས་ཀྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ཕེབས་བསུ་ཞུས་ཡོད་པ་རེད།
ཞིས་ཅིན་ཕིང་གིས་ཅེ་ཁེའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་བ་དང་ཞིས་ཅིན་ཕིང་གིས། ཀྲུང་གོ་དང་ཅེ་ཁེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་བར་གྱི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་ཅེ་ཁེ་དེ་ཉིད་ཡོ་རོབ་དབུས་ཤར་ས་ཁུལ་གྱི་ཀྲུང་གོའི་གལ་ཆེའི་མཉམ་ལས་རོགས་པ་དང་ཡོ་རོབ་མནའ་འབྲེལ་ནང་གི་གྲོགས་པོ་བཟང་པོ་དང་རོགས་པ་བཟང་པོ་ཡིན།
མིག་སྔར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་རྒྱུ་མགྱོགས་ལམ་ཐོག་སླེབས་པ་དང་ཁྱབ་ཁོངས་ཁག་ནང་གི་སྤེལ་རེས་དང་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་བྱེད་མུས་ཡིན་པ་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་སྒྲོམ་གཞིའི་ནང་མཉམ་ལས་བཟང་པོ་བྱས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་པ་ཆེན་པོ་འདོན་སྤེལ་བྱས་ཡོད་ཅེས་གསུངས་འདུག
ཞིས་ཅིན་ཕིང་གིས། ད་ཐེངས་ནི་ངས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་མིང་ཐོག་ནས་ཡོ་རོབ་དབུས་ཤར་རྒྱལ་ཁབ་ལ་འཚམས་འདྲི་ཞུ་ཐེངས་དང་པོ་ཡིན་ལ་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༦༧སོང་རིང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་ཅེ་ཁེར་འཚམས་འདྲི་ཞུ་ཐེངས་དང་པོ་ཡང་རེད།
ངས་ཙུང་ཐུང་ཙེ་མན་སོགས་ཅེ་ཁེའི་འགོ་ཁྲིད་པ་དང་འབྲེལ་གཏུག་རྒྱ་ཁྱབ་བྱས་ནས་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱེད་པ་དང་ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་བཤེས་ཟབ་དུ་གཏོང་བ་དང་ཀྲུང་གོ་དང་ཅེ་ཁེའི་ཆབ་སྲིད་ཐད་ཕན་ཚུལ་ཡིད་ཆེས་བྱེད་རྒྱུ་ཟབ་དུ་གཏོང་བ། རྒྱལ་ཁབ་གཉིས་པོའི་དངོས་གཉེར་མཉམ་ལས་རྒྱ་ཆེར་བཏང་ནས་ཀྲུང་གོ་དང་ཅེ་ཁེའི་འབྲེལ་བ་མ་འོངས་པ་གོང་འཕེལ་འགྲོ་རྒྱུར་རྨང་གཞི་བཟང་པོ་ཞིག་འདིང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་འདུག
ཅེ་ཁེར་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་རྗེས་ཞིས་ཅིན་ཕིང་ནས་ད་དུང་ཨ་རིའི་ཝ་ཧྲེང་ཏུན་དུ་གཉེར་རྒྱུའི་སྐབས་བཞི་པའི་རྡུལ་ཉིང་བདེ་འཇགས་དབུ་ཚོགས་ལ་ཞུགས་རྒྱུ་ཡིན་པ་རེད།