ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལི་ཁེ་ཆང་གིས་ཨའོ་སི་ཁྲུའུ་ལི་ཡའི་ཙུང་ལི་ཐེ་ཨེན་པུར་དང་མཇལ་མོལ་གནང་བ།

2016-04-15

ཀྲུང་དབྱང་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༤ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཨའོ་སི་ཁྲུའུ་ལི་ཡའི་ཙུང་ལི་ཐེ་ཨེན་པུར་དང་ཀྲུང་གོ་དང་ཨའོ་སི་ཁྲུའུ་ལི་ཡའི་ཙུང་ལིའི་ལོ་འཁོར་མོའི་མཇལ་མོལ་ཐེངས་བཞི་པ་གནང་ཡོད་པ་རེད།

ལི་ཁེ་ཆང་གིས་བསྟན་པར། ཀྲུང་གོ་དང་ཨའོ་སི་ཁྲུའུ་ལི་ཡ་ནི་མཉམ་ལས་ཀྱི་རོགས་པ་གལ་ཆེན་ཞིག་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་ངོ་༤༤སོང་རིང་ཕྱོགས་གཉིས་པོའི་འབྲེལ་བར་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད་པ་དང་། ལྷག་པར་དུ་ན་ནིང་ནས་བཟུང་རྒྱལ་ཁབ་གཉིས་པོས་ལེགས་འགྲུབ་ལྡན་པའི་ངང་ཀྲུང་གོ་དང་ཨའོ་སི་ཁྲུའུ་ལི་ཡའི་རང་མོས་ཉོ་ཚོང་ཆོད་ཡིག་བཞག་པ་དང་དེ་ལག་བསྟར་བྱས་པ་དེས་ཀྲུང་གོ་དང་ཨའོ་སི་ཁྲུའུ་ལི་ཡའི་མཉམ་ལས་ལ་སྒུལ་ཤུགས་གསར་པ་འབྱིན་ཡོད། ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་ཨའོ་སི་ཁྲུའུ་ལི་ཡའི་བར་གྱི་འབྲེལ་བའི་མདུན་ལྗོངས་ལ་ཡིད་ཆེས་ཀྱིས་ཁེངས་པ་དང་། ཨའོ་སི་ཁྲུའུ་རི་ཡ་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་ལ་བརྩི་སྲུང་ཞུས་ཐོག ཐུན་མོང་གི་ངོས་འཛིན་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་འཐབ་ཇུས་ཀྱི་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ། གོང་འཕེལ་གྱི་འཐབ་ཇུས་འབྲེལ་མཐུད་བྱེད་པ། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ཕྱོགས་འགལ་འོས་འཚམ་ངང་ཐག་གཅོད་བྱེད་པ་བཅས་བྱས་ནས་ཀྲུང་གོ་དང་ཨའོ་སི་ཁྲུའུ་ལི་ཡའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་རྒྱུན་མཐུད་དང་བརྟན་པོའི་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་འདུག

ཐེ་ཨེན་པུར་གྱིས་ཨའོ་སི་ཁྲུའུ་ལི་ཡའི་ཕྱོགས་ནས་ཀྲུང་གོ་ནི་ཉོ་ཚོང་གི་རོགས་པ་གལ་ཆེན་ཞིག་ཏུ་བརྩི་བ་དང་། ཀྲུང་གོའི་དཔལ་འབྱོར་གོང་འཕེལ་གྱི་ལྐོག་ཤུགས་ཆེན་པོར་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད། ཀྲུང་གོའི་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱས་རྗེས་འཁྱེར་བའི་མཉམ་ལས་ཀྱི་གོ་སྐབས་གལ་ཆེན་དང་འཚམ་པ་དང་དེ་བེད་སྤྱོད་བྱེད་རྒྱུ་དང་། ཀྲུང་གོའི་བར་གསར་གཏོད་མཉམ་ལས་ཐད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་དང་། ལྷག་པར་དུ་གློག་རྡུལ་ཚོང་དོན་དང་ཞིང་འབྲོག་ལས། ལག་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུག་སྣོན་རྒྱག་འདོད་ཅེས་གསུངས་འདུག

མཇལ་མོལ་མ་གནང་གོང་། ལོ་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ཐེ་ཨེན་པུར་དགའ་བསུ་ཞུ་བའི་མཛད་སྒོ་སྤེལ་གནང་བ་དང་། མཇལ་མོལ་གནང་གྲུབ་རྗེས་རྒྱལ་ཁབ་གཉིས་པོའི་ཙུང་ལིས་ཀྲུང་གོ་དང་ཨའོ་སི་་ཁྲུའུ་ལི་ཡའི་ཙུང་ལི་རྣམ་གཉིས་ནས་ཀྲུང་གོ་དང་ཨའོ་སི་ཁྲུའུ་ལི་ཡའི་ཚན་རྩལ་གསར་གཏོད་དང་ཡུལ་སྐོར། ཐོན་ལས་གླིང་། གཏེར་ཐོན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཀྱི་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་དཔང་པོ་གནང་ཡོད་པ་རེད།

འབྲེལ་ཡོད་རྩོམ་ཡིག