ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཞིས་ཅིན་ཕིང་ཨེ་ཤེ་ཡའི་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

2016-05-04
        ཟླ་4ཚེས་28ཉིན་ཨེ་ཤེ་ཡའི་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཚོགས་འདུའི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་དུ་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད། 《མཐུན་ཆ་གཅིག་སྒྲིལ་དང་། གླེང་མོལ་ལ་སྐུལ་འདེད་ཀྱིས་ཨེ་ཤེ་ཡའི་ཞི་བདེ་དང་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་མཉམ་དུ་གཏོད་དགོས་》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་ནས་གཅིག་མཐུན་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་ཨེ་ཤེ་ཡའི་བདེ་འཇགས་ལྟ་བ་མཐའ་འཁྱོངས་དང་ལག་བསྟར་དང་། མཐུན་ཆ་གཅིག་སྒྲིལ། གླེང་མོལ་ལ་སྐུལ་འདེད། མཐུན་སྦྱོར་ལ་ཤུགས་སྣོན། ཨེ་ཤེ་ཡའི་ཁྱད་ཆོས་ལྡན་པའི་བདེ་འཇགས་བཅོས་སྐྱོང་བྱ་ཐབས་བཏོད་པ་བཅས་ཀྱི་ཐོག་ནས་ཨེ་ཤེ་ཡའི་ཞི་བདེ་དང་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་མཉམ་དུ་གཏོད་དགོས་པའི་ནན་བཤད་གནང་བ་རེད།
        ཞིས་ཅིན་ཕིང་གིས་དང་ཐོག་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཡོངས་ཀྱི་ཚབ་ཞུས་ཏེ་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་ད་ཐེངས་ཀྱི་ཚོགས་འདུས“གླེང་མོལ་ལ་བརྟེན་ནས་བདེ་འཇགས་ཡོང་ཐབས་བྱེད་པ”བརྗོད་བྱ་གཙོ་བོར་བྱས་ཏེ་ཕྱོགས་ཁག་གི་མཐུན་ཆ་གཅིག་སྒྲིལ་དང་། ཨེ་ཤེ་ཡའི་བདེ་འཇགས་ལ་སྐུལ་འདེད། མཉམ་དུ་འཕེལ་རྒྱས་དོན་གཉེར། ཨེ་ཤེ་ཡའི་རོགས་ལས་ཡིད་རྟོན་ནུས་པར་ཤུགས་སྣོན་བཅས་ཀྱི་ཐོག་ནས་ཡིད་རྟོན་དང་རོགས་ལས་ཐུབ་པ་བྱས་ཡོད། དེས་ཨེ་ཤེ་ཡ་ཙམ་མ་ཟད་ཐ་ན་འཛམ་གླིང་བདེ་འཇགས་དང་དར་རྒྱས་ཡོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
        ཞིས་ཅིན་ཕིང་གིས་དེང་གི་ཨེ་ཤེ་ཡར་ཞི་བདེ་བརྟན་ལྷིང་ནི་དུས་བབ་ཀྱི་འཕེལ་ཕྱོགས་ཆེན་པོ་ཞིག་ཡིན་པ་དང་དར་རྒྱས་གོང་འཕེལ་ནི་དམངས་སེམས་གཏད་ཕྱོགས་ཤིག་རེད་ཅེས་མཛུབ་སྟོན་གནང་བ་རེད།
        ཞིས་ཅིན་ཕིང་གིས་2014ལོའི་ཨེ་ཤེ་ཡའི་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཚོགས་འདུའི་ཧྲང་ཧའེ་དབུ་ཚོགས་ཐོག་ཀྲུང་གོ་ཕྱོགས་ཀྱིས་གཅིག་མཐུན་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་ཨེ་ཤེ་ཡའི་བདེ་འཇགས་ཀྱི་ལྟ་བ་བཙུགས་ཏེ་མཉམ་སྐྲུན་མཉམ་སྤྱོད་གཉིས་ཁེ་བཅས་ཀྱི་ཨེ་ཤེ་ཡའི་བདེ་འཇགས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་གྲོས་འགོ་བཏོན་ཡོད། དུས་བབ་གསར་པའི་འོག་ང་ཚོས་ཁ་ཕྱོགས་ཁོང་དུ་ཆུད་པ་བྱེད་པ་དང་མཉམ་ལས་གཉིས་ཁེའི་རོགས་ཟླའི་འབྲེལ་བ་གསར་པ་ཞིག་ཆགས་པ་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་། ལྟ་སྟངས་འདྲ་མཉམ་འཛིན་པ། ལྟ་རེས་སྲུང་རེས། ཕྱར་བ་གྲུ་འདེགས་བཅས་བྱས་ཏེ་རང་རྒྱལ་ཁབ་ཀྱི་ཁེ་ཕན་བརྩོན་ལེན་བྱེད་པ་དང་དུས་མཚུངས་རྒྱལ་ཁབ་གཞན་གྱི་ལུགས་མཐུན་སེམས་ཁུར་ལ་ལྟ་རྟོག་བྱེད་པ་དང་། རང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དོན་གཉེར་བྱེད་པ་དང་དུས་མཚུངས་རྒྱལ་ཁབ་གཞན་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་དུས་མཚུངས་རྒྱལ་ཁབ་གཞན་གྱི་བདེ་འཇགས་ལ་བརྩི་འཇོག་བྱེད་པ་བཅས་བྱས་ནས་ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས་པའི་ནན་བཤད་གནང་བ་རེད།
        ཞིས་ཅིན་ཕིང་གིས་དེང་གི་འཛམ་གླིང་ཐོག་མཉམ་ལས་ཚ་ཚ་འུར་འུར་བྱེད་བཞིན་ཡོད་པ་དང་ཁོག་ཡངས་ཀྱི་འདུ་ཤེས་མི་སེམས་སུ་བརྟན་པོ་ཟུག་ཡོད། ཨེ་ཤེ་ཡའི་རྒྱལ་ཁབ་དང་མི་དམངས་ལ་གླེང་མོལ་མཉམ་ལས་ཀྱི་ཐོག་ནས་ཨེ་ཤེ་ཡའི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ནུས་པ་ཡོད་ལ་དགོས་མཁོ་ཡང་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
        ཞིས་ཅིན་ཕིང་གིས་ཀྲུང་གོས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པ་མཐའ་འཁྱོངས་དང་། ཕྱེད་གླིང་གི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས། གླེང་མོལ་གྲོས་བསྡུར་ཐོག་ནས་གནད་དོན་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས་ཀྱི་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
        ཞིས་ཅིན་ཕིང་གིས་མིག་སྔར་ཀྲུང་གོ་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་མཐུན་སྒྲིལ་འབད་འཐབ་བྱེད་བཞིན་ཡོད་ཅེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་རྩོམ་ཡིག