འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཡུན་ནན་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པར་སེམས་ཀྱི་ཉི་ཟླ་རྫོང་དམངས་སྲིད་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན།ལོ་མང་འདུན་ཞུ་བྱས་པའི་སེམས་ཀྱི་ཉི་ཟླ་རྫོང་དེ་གྲོང་ཁྱེར་ལ་སྒྱུར་བའི་ལས་དོན་དེ་2014ལོའི་ཟླ་12ཚེས་16ཉིན་དམངས་སྲིད་པུའི་མཆན་བཀོད་བཀའ་ལན་ཐོབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དམངས་སྲིད་པུའུ་ཡིས(དམངས་ཡིག[2014ལོའི]ཡིག་ཨང་375)བཀའ་ལན་སྤྲད་པའི《སེམས་ཀྱི་ཉི་ཟླ་རྫོང་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་སྒྱུར་རྒྱུའི་སྐོར་གྱི་མཆན་བཀོད་བཀའ་ལན》དེ་འཕྲིན་ཡིག་ཏུ་བརྩིས་ནས་སེམས་ཀྱི་ཉི་ཟླ་རྫོང་གི་འབྲེལ་ཡོད་སྡེ་ཚན་ལ་སྤྲད་པ་རེད། མཆན་བཀོད་བཀའ་ལན་གྱི་ནང་དོན་གཙོ་བོ་སྟེ། སེམས་ཀྱི་ཉི་ཟླ་རྫོང་དེ་རྫོང་རིམ་པའི་གྲོང་ཁྱེར་དུ་གྱུར་པ་དང་དེ་སྔའི་སེམས་ཀྱི་ཉི་ཟླའི་རྫོང་གི་སྲིད་འཛིན་ས་ཁོངས་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་སུ་སྒྱུར་རྒྱུ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་དམངས་སྲིད་གཞུང་རྒྱལ་ཐང་གྲོང་རྡལ་གསེར་བྱེ་ལམ་སྒོ་རྟགས་22སུ་བཙུགས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སེམས་ཀྱི་ཉི་ཟླ་རྫོང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་11613ཡོད་པ་དང་ཁོངས་གཏོགས་གྲོང་རྡལ་4དང་ཤང་7ཡོད་པར་ཁྱོན་གྲོང་ལྷན་6དང་སྲིད་འཛིན་གྲོང་ཚོ་58ཡོད་པ་རེད། 2011ལོ་ནས་བཟུང་སེམས་ཀྱི་ཉི་ཟླ་རྫོང་གིས་རྫོང་གྲོང་ཁྱེར་དུ་སྒྱུར་པའི་འདུན་ཞུའི་ལས་དོན་སྤེལ་འགོ་བཙུགས་པ་དང་2013ལོར་ཞིང་ཆེན་དམངས་སྲིད་ཐིང་གིས་མཆན་བཀོད་བཀའ་ལན་སྤྲད་རྗེས་ཀྲུང་དབྱང་ལ་གོང་ཞུ་བྱས་པ་རེད། 2014ལོའི་འགོར་རྫོང་དེས་འདུན་ཞུ་བྱེད་ཤུགས་ཆེ་རུ་བཏང་བས་མཐར་དམངས་སྲིད་པུའི་མཆན་བཀོད་བཀའ་ལན་ཐོབ་པ་རེད།
རྫོང་གྲོང་ཁྱེར་དུ་བསྒྱུར་པ་དེ་བདེ་ཆེན་ཁུལ་གྱི་གཏམ་བཟང་ཞིག་ཡིན་ལ་མི་རིགས་ཁག་གི་མི་དམངས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན་པ་དེ་ཐོག་ནས་སེམས་ཀྱི་ཉི་ཟླ་འདི་ཉིད་ལོ་རྒྱུས་ཀྱི་དུས་མཚམས་གསར་རྐྱང་ཞིག་ཏུ་སླེབས་པ་མཚོན་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན)