ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

《ཀྲུང་གོའི་མི་རིགས་གྲངས་ཉུང་གི་སྐད་ཡིག་བཅའ་ཁྲིམས》འཛུཊ་རེ་ཆེ་ཞེས་ཨུ་ཡོན་ཆི་ཏིག་ཁྲོན་གྱིས་བརྗོད།

2015-03-10 ཟླ་བ།
རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཆི་ཏིག་ཁྲོན།
   ཟླ ༣ པའི་ཚེས ༩ ཡི་པེ་ཅིང་གློག་འཕྲིན། “ཁྲིམས་ཀྱི་ཁྲིམས”ཡིན་པའི《ཁྲིམས་འཛུགས་བཅའ་ཁྲིམས》༢༠༠༠ ལོར་སྤེལ་བ་ནས་ལོ ༡༥ རིང་གི་བཟོ་བཅོས་ཐོག་མ་དེ་རྒྱག་གྲབས་ཡོད་དེ། ཟླ ༣ པའི་ཚེས ༩ ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་གྲངས་ཉུང་གི་སྡེའི་ཚོ་ཆུང ༤༩ པ《ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན》ལ་གྲོས་བསྡུར་ཚ་ཚ་འུར་འུར་བྱས། ཨུ་ཡོན་རྣམས་ཀྱིས་ཀྲུང་དབྱང་དང་ས་གནས་ཀྱི་ཁྲིམས་འཛུགས་དབང་ཚད་ཀྱི་ཚད་གཞི་ཇི་ལྟར་ཡང་དག་པར་དབྱེ་བ་འགེར་བ་དང་། ཁྲིམས་འཛུགས་དབང་སྤྲོད་མུ་མཐུད་ནས་ཚད་ལྡན་དུ་གཏོང་བ། ས་གནས་ཁྲིམས་འཛུགས་ལ་ཤུགས་རྒྱག་དང་ལེགས་བཅོས་བྱེད་པ་སོགས་ཀྱི་ཐད་སོ་སོའི་ལྟ་ཚུལ་ལྷུག་པོར་བཏོན།
   ཁྲིམས་འཛུགས་ལས་དོན་སྔ་མ་ཁག་ཏུ། “གྲོང་ཆེར་ཅུང་ཆེ་བ”ཁོ་ནར་ཁྲིམས་འཛུགས་དབང་ཆ་ཡོད། 《འཆར་ཟིན》གྱི་དོན་ཚན་ཨང ༧༡ པར། “གྲོང་ཆེར་ཅུང་ཆེ་བ”ཟེར་བ་ནི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་མི་དམངས་སྲིད་གཞུང་གནས་སའི་གྲོང་ཁྱེར་རམ། དཔལ་འབྱོར་དམིགས་བསལ་ས་ཁུལ་གྱི་གྲོང་ཁྱེར་རམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་པའི་གྲོང་ཁྱེར་ཅུང་ཆེ་ཁག་གམ་ཡུལ་གཞན་གྱི་གྲོང་ཁྱེར་དག་ལ་ཟེར། ཨུ་ཡོན་ཁ་ཅིག་གིས་དོགས་པ་བསླངས་དོན། འདིར་བལྟས་ཚོད་ཀྱིས་ས་གནས་ཀྱི་ཁྲིམས་འཛུགས་དབང་ཆ་ཡོད་མཁན་གྱི་ཁྱབ་ཁོངས་ཇེ་ཆེར་བཏང་བ་ལྟར་སྣང་ཡང་། འདི་ཙམ་ཞིག་ལ་ཨུ་ཚུགས་བྱས་ན། ལུགས་དང་མཐུན་ནམ་མི་མཐུན། དོ་སྙོམས་སམ་མི་སྙོམས་སྐོར་ད་དུང་གྲོས་བསྡུར་བྱ་རྒྱུ་ཡོད་ཚུལ་བསྟན།
   ཡང་ཨུ་ཡོན་འགའ་རེས་འདི་སྙམ་དུ།“གྲོང་ཁྱེར་ཅུང་ཆེ་བ”ཡི་འོག་གི་རྫོང་དང་ཤང་རིམ་པར་སྤྱིར་ཁྲིམས་འཛུགས་དབང་ཆ་མེད་མོད་ཀྱང་། ས་ཆ་འདི་དག་གི་དབང་ཆའི་ལས་ཁུངས་དང་སྲིད་འཛིན་ལས་ཁུངས་ཀྱིས་དམིགས་ས་མི་འདྲ་བར་སྤྱི་ཁྱབ་ཀྱིས་ཚོད་འཛིན་ཐུབ་ལ་ཡང་སྐོར་བསྐྱར་སྐོར་གྱིས་སྤྱོད་ཆོག་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ(ཕལ་སྐད་དུ“ཡིག་ཆ་མགོ་དམར”)བཟོས་ཆོག་ལ། ཁྲིམས་འཛུགས་དབང་ཆ་ཡོད་པའི་ལས་ཁུངས་ཀྱིས་ཀྱང་ཁྲིམས་འཛུགས་ཀྱི་ཕན་ཆོད་ནས་སྤྱི་ཁྱབ་ཚོད་འཛིན་ནུས་པ་ལྡན་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོ་ཆོག་པས། འདིར་བཤད་པའི“ཆོག”ཅེས་པ་རང་སྟེང་ནས་གོ་དོན་མག་མོག་ཡིན། ཨུ་ཡོན་རྣམས་ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་གྲངས་འབོར་དངོས་དེ་ཁྲིམས་འཛུགས་ལས་ཆེས་ཆེར་བརྒལ་ཡོད་ལ། གལ་སྲིད《ཁྲིམས་འཛུགས་བཅའ་ཁྲིམས》སུ“ཁྲིམས་འཛུགས་དང་ཁྲིམས་འཛུགས་མ་ཡིན་པ”གཉིས་ཀྱི་ངོ་བའི་ཁྱད་པར་གྱི་གནད་དོན་འདི་ཐག་གཅོད་མ་བྱས་ན“ཁྲིམས་ལྟར་རྒྱལ་སྐྱོང”དེ་སྔར་བཞིན“ཡིག་ཆ་ལྟར་རྒྱལ་སྐྱོང”གི་དཀའ་རྙོག་དེ་སྔར་བཞིན་གནས་ངེས་རེད་ཅེས་བསྟན།
   ཚང་མས《ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན》ལ་ཞིབ་ཐག་ཆོད་བལྟས་པ་མཐོང་ཐུབ་ཀྱི་འདུག་སྟེ། ལེའུ་གང་ཞིག་གི་ཤོག་གྲངས་གང་ཡིན་པའང་ལུང་དྲངས་ཡོང་གི་འདུག དེ་དང་མཉམ་དུ་ཨུ་ཡོན་མི་ཉུང་བ་ཞིག་གིས་མི་རིགས་གྲངས་ཉུང་ས་ཁུལ་གྱི་ཁྱད་ཆོས་ལྟར་ཁྲིམས་འཛུགས་ལས་དོན་དུའང“དྲང་བདེན”“ལུགས་མཐུན་དོ་མཉམ”ཀྱི་གནད་དོན་སོགས་ཐད་ནས་སྐད་འབོད་བརྒྱབ།
   “ཁྲིམས་འཛུགས་འདྲ་མཉམ་ཡིན་དགོས”གཏམ་བཤད་ཀྱི་གོ་སྐབས་ཐོབ་མཁན་དེ་ནི་ཡུན་ནན་ཅིང་ཕོ་རིགས་ཀྱི་ཨུ་ཡོན་ཆི་ཏིག་ཁྲོན་རེད། ངར་སེམས་ཆེ་བས་ཡིན་ཀྱང་སྲིད་དེ་ཁོའི་སྐད་མགོ་གཞན་དག་ལས་ལྡབ་ཀྱི་མཐོ་པོ་འདུག
   ཆི་ཏིག་ཁྲོན་བསྟུད་མར་སྐབས་གཉིས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཡིན་ཞིང་། ཁོས་ད་ལོར་ཁྱེར་ཡོང་བའི་གྲོས་གཞི་སྔར་བཞིན《ཀྲུང་གོའི་མི་རིགས་གྲངས་ཉུང་གི་སྐད་ཡིག་བཅའ་ཁྲིམས》༢༠༡༥ ལོའི་ཁྲིམས་འཛུགས་འཆར་གཞི་འཇོག་རྒྱུ་དེ་རེད།
   “གྲོས་གཞི་འདི་ངས་བསྟུད་མར་ལོ ༨ ལ་བཏོན་པ་ཡིན། རེ་བ་ལ་རྒྱལ་ཁབ་ཀྱིས་ཁྲིམས་བཙུགས་ཏེ་མི་རིགས་གྲངས་ཉུང་གི་སྐད་ཡིག་ལས་དོན་ལ་ཁག་ཐེག་བྱ་རྒྱུ་དེ་ཡིན་མོད། ད་ལྟའི་བར་དུ་འབྲས་བུ་མ་བྱུང”ཞེས་ཆི་ཏིག་ཁྲོན་གྱིས་བརྗོད་ཅིང་། ཡང་ཁོ་ན་རེ། རང་རྒྱལ་ནི་མི་རིགས་མང་ལ། སྐད་མང་བ། ཡི་གེ་མང་པའི་རྒྱལ་ཁབ་ཅིག་ཡིན་ལ། ཕན་ཚུན་ཁྱད་པར་ཆེན་པོ་ཡོད་པས། 《རྒྱལ་ཁབ་སྤྱི་བཀོལ་སྐད་ཡིག་བཅའ་ཁྲིམས》ཁོ་ནས་ཤིན་ཏུ་མི་འདང་ལ། མི་རིགས་ཚང་མས་བཀོལ་ཆོག་པའི་ཁྲིམས་ལུགས་ཤིག་གིས་ཚད་ལྡན་བཟོ་རྒྱུ་དེ་ཤིན་ཏུ་མཁོ་ཆེ་བ་ཞིག་རེད། “མི་རིགས་གྲངས་ཉུང་གི་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱིས་རང་གི་སྐད་དང་ཡི་གེ་སློབ་སྦྱོང་དང་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་ཁེ་དབང་ལ་ཁག་ཐེག་བྱ་ཐུབ་པའི་ཆེད་ཁྲིམས་ཤིག་གང་མགྱོགས་འཛུགས་པའི་རེ་ལྟོས་ཤིན་ཏུ་ཆེ” ཆི་ཏིག་ཁྲོན་གྱིས་སྨྲས་པ། ཁྱད་པར་དུ་ད་ལྟའི་གནས་སྟངས་གསར་པ་དང་འོས་འགན་གསར་པའི་མདུན་དུ་མི་རིགས་གྲངས་ཉུང་གི་སྐད་ཡིག་ལག་ལེན་ཁྲོད་སྲུང་སྐྱོབ་གོ་ཆོད་པ་ཞིག་བྱ་རྒྱ་་དང་། མི་རིགས་གྲངས་ཉུང་གི་སྐད་ཡིག་སློབ་སྦྱོང་དང་རྒྱལ་ཁབ་སྤྱི་བཀོལ་སྐད་ཡིག་གཉིས་ཀྱི་འབྲེལ་བ་ཐག་གཅོད་ལེགས་པ་བྱ་རྒྱུ་དེ་རང་ཅག་གི་མིག་མདུན་དུ་ཇེ་གསལ་ཇེ་གསལ་རེད། “རྒྱལ་ཁབ་ཀྱི་ཁྲིམས་ལུགས་མ་ལག་འཐུས་ཚང་བཟོ་བ་དང་མི་རིགས་གྲངས་ཉུང་གི་སྐད་ཡིག་ཁྱབ་ཁོངས་ཀྱི་ཁྲིམས་ལུགས་མ་ལག་འཐུས་ཚང་བཟོ་བར་དམིགས་ནས། དུས་ཐོག་ཏུ《ཀྲུང་གོའི་མི་རིགས་གྲངས་ཉུང་གི་སྐད་ཡིག་བཅའ་ཁྲིམས》བཟོ་རྒྱུ་དེ་རང་རྒྱལ་གྱི་བཅའ་ཁྲིམས་འཛུགས་སྐྲུན་དང་སྐད་ཡིག་ལས་དོན་ཕྱོགས་ཡོངས་སྐྱོན་བྲལ་ངང་ཡར་རྒྱས་འགྲོ་རྒྱུར་མེད་དུ་མི་རུང་བ་ཞིག་རེད”
   “ཀོང་ཞི་ལྟ་བའི་ཞིང་ཆེན་ཆེན་པོ་ཞིག་ལ་འོག་ཏུ་ས་ཁུལ་རིམ་པའི་གྲོང་ཁྱེར ༡༤ དང་། རྫོང་རིམ་པའི་གྲོང་ཁྱེར ༧ ཡོད། ད་ལྟ་ད་དུང་ཡང《རང་སྐྱོང་ལྗོངས་ཀྱི་རང་སྐྱོང་སྲོལ་ཡིག》ཕྱིར་བཏོན་མེད། མི་རིགས་གྲངས་ཉུང་ས་ཁུལ་གྱི་དབུལ་སྐྱོར་ལས་དོན་ལ། འབྲེལ་བའི་མི་མང་ལ། ཁྱབ་ཆེ་མོད། ཡིན་ཡང་ད་ལྟ་ལ་ཐུག་གི་བར་དུ་འབྲེལ་ཡོད་ས་གནས་ཁྲིམས་འཛུགས་མེད་་་་་་” ཆི་ཏིག་ཁྲོན་གྱིས་བརྗོད་དོན། ད་ལྟ་མི་རིགས་གྲངས་ཉུང་ས་ཁུལ་ལ་ཁྲིམས་འཛུགས་ཉུང་དྲགས་པས། ཁྱབ་ཁོངས་མི་ཉུང་བ་ཞིག་སྟོང་པ་ཡིན། ཁྲིམས་འཛུགས་ཉུང་བའང་ཁྲིམས་འཛུགས་དཀའ་བའི་རྐྱེན་གྱིས་སམ། གཞི་རྩ་མེད་པའམ། ཡང་ན་བར་སྟོང་ཆུང་ཐལ་ཆེ་བས་ཡིན། ཁོའི་རེ་བ་ལ་རྒྱལ་ཁབ་ཁྲིམས་འཛུགས་དང་ས་གནས་ཁྲིམས་འཛུགས་གཉིས་ལེགས་པར་འབྲེལ་ཏེ《ཁྲིམས་འཛུགས་བཅའ་ཁྲིམས》བཟོ་བཅོས་གོ་རིམ་ནང “འདྲ་མཉམ”གྱི་རྩ་དོན་གཞིར་བཟུང་ནས་མི་རིགས་གྲངས་ཉུང་ས་ཁུལ་གྱི་ཁྲིམས་འཛུགས་ལས་དོན་ཁྲོད་ཡུན་རིང་གནས་པའི་གནད་དོན་མང་པོར་ཕྱོགས་ཡོངས་ནས་བསམ་བློ་བཏང་སྟེ་ཐག་གཅོད་པའི་རེ་བ་ཆེ་ཟེར།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག