“ཀན་སུའུ་བོད་ཁུལ་གྱི་ཁྲིམས་ཁང་དུ་བོད་ཡིག་གི་རྨང་གཞི་ཅུང་ཟད་ཡོད་པའི་བློ་མཐུན ༧༥ ཡོད་པའི་ནང་ན། བོད་རྒྱ་སྐད་གཉིས་ཀྱིས་འདྲི་གཅོད་དང་ཁྲིམས་འཛིན་ཡིག་ཆ་ལོ་ཙཱ་བྱེད་ཐུབ་མཁན ༧ ལས་མེད། བོད་རྒྱ་སྐད་གཉིས་ཀྱི་མི་འཇོན་པོ་དེ་འདྲ་བོད་ཁུལ་ཁྲིམས་ཁང་དག་ན་ཤིན་ཏུ་དཀོན་པས། བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་གཅོད་མི་སྣ་སྐྱེད་སྲིང་བྱ་རྒྱུ་དེ་བོད་ཁུལ་ཁྲིམས་ཁང་གིས་གཞི་རིམ་གྱི་རྨང་གཞི་དང་དཔུང་སྡེ་འཛུགས་པའི་འགན་ཁུར་འགངས་ཆེན་ཞིག་རེད་འདུག ད་ལྟ་མོད་ཀྱི། གསོ་སྦྱོང་གི་གོ་རིམ་ནང་ཆེད་ལས་དང་དངོས་སྤྱོད་དང་མ་ལག་ཅན་དང་ཚད་ལྡན་ཡིན་པའི་བསླབ་དེབ་དཀོན་པ་དེས་བོད་རྒྱ་སྐད་གཉིས་ཀྱི་མི་སྣ་འཇོན་ཐང་ཅན་གསོ་སྐྱོང་གི་བྱ་བའི་འགོག་རྐྱེན་ཏུ་གྱུར་ཡོད”ཟླ ༣ པའི་ཚེས ༦ ཉིན། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྤྱི་དཔོན་ལྱེང་མིན་ཡོན་གྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་ཆེད་གཉེར་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྐྱོང་གི་བསླབ་དེབ་རྩོམ་འབྲི་བྱ་དགོས་པའི་དགོངས་འཆར་བཏོན།
རང་རྒྱལ་གྱི་རྩ་ཁྲིམས་དང་བཅའ་ཁྲིམས་སུ་མི་རིགས་ཚང་མར་རང་གི་སྐད་ཡིག་གིས་ཞུ་གཏུག་བྱེད་པའི་ཁེ་དབང་ཡོད་མོད། བོད་ཁུལ་མང་ཚོགས་དག་གིས་རྒྱ་སྐད་རྒྱ་ཡིག་མི་ཤེས་པས་བོད་སྐད་ཁོ་ནའི་ལམ་ནས་ཞུ་གཏུག་བྱེད་པ་ལས་འོས་མེད་ལ། ཡུལ་དེའི་ཁྲིམས་དཔོན་གྱིས་ཀྱང་བོད་སྐད་གྱི་ལམ་ནས་གྱོད་དོན་ཞིབ་གཅོད་བྱེད་པའམ་ཡང་ན་ནི་བོད་སྐད་ལ་བྱང་ཆ་ཡོད་པའི་སྐད་སྒྱུར་བ་བཀོད་སྒྲིག་བྱེད་དགོས་ལ། དེ་ནས་ད་གཟོད་ཞུ་གཏུག་མཁན་དང་བརྡ་ཡག་པོ་འཕྲོད་ཐུབ་ཀྱི་ཡོད།
སྐད་གཉིས་ཁྲིམས་དཔོན་གསོ་སྐྱོང་བྱ་བའི་ཕྱིར། ༢༠༡༣ ལོའི་ཟླ ༤ པའི་ཚེས ༡༡ ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ནང་སོག་ཧོལ་ཧོ་ཧོ་ཐུ་དང་ཀན་སུའུ་ཞིང་ཆེན་འབྲུག་ཆུ་རྫོང་གཉིས་ནས་སྐད་གཉིས་འཇོན་ཐང་མི་སྣ་གསོ་སྐྱོང་བྱེད་པའི་ཆེད་དོན་ཚོགས་འདུ་བསྡུས་ཏེ། སྐད་གཉིས་འཇོན་ཐང་མི་སྣ་གསོ་སྐྱོང་གི་ལས་ཀ་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་། ༢༠༢༠ ལོའི་བར་དུ་རྒྱལ་ཡོངས་ནས་སྐད་གཉིས་ཁྲིམས་དཔོན ༡༥༠༠ གསོ་སྐྱོང་བྱ་རྒྱུ་བྱས།
ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས ༢༠༡༣ ལོའི་ཟླ ༩ པར་འབྲུག་ཆུ་རྫོང་ནས་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་གསོ་སྦྱོང་སློབ་གླིང་གི་ཀན་ལྷོའི་ཡན་ལག་བཙུགས་ཤིང་། རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་གསོ་སྦྱོང་རྟེན་གཞི་བཙུགས། ཡིན་ནའང་སྐད་གཉིས་བསླབ་དེབ་ཆེད་ལས་ཡིན་པ་དང་གོ་ཆོད་པ། མ་ལག་ཡོད་པ། ཚད་ལྡན་ཡིན་པ་ད་དུང་ཡང་ཤིན་ཏུ་དཀོན་ལ། ད་ཡོད་ཀྱི་ཁྲིམས་འཛིན་འགྲེལ་བཤད་མང་ཆེ་བར་ཡང་བོད་ཡིག་གི་འབྲུ་འབྲེལ་མེད།
“གཅིག་གྱུར་གྱི་རྒྱ་བོད་སྐད་གཉིས་གསོ་སྦྱོང་བསླབ་དེབ་ཅིག་བསྒྲིག་རྒྱུ་དེ་མ་ལག་ཅན་གྱི་ལས་ཀ་ལྗི་མོ་ཞིག་ཡིན་པས། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་ལས་ཁུངས་དང་ལྷན་དུ་གཞོགས་འདེགས་མཁོ་གལ་ཆེ”ཞེས་ལྱེང་མིན་ཡོན་གྱིས་སྨྲ།
ལྱེང་མིན་ཡོན་གྱིས་ངོ་སྤྲོད་བྱ་རྒྱུར། ན་ནིང་ནས་བཟུང་ཀན་སུའུ་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ལུགས་བསླབ་དེབ་རྩོམ་འབྲིའི་བྱ་བ་འཚོལ་ཞིབ་གང་ལེགས་བྱས་ཡོད་དེ། ནུབ་བྱང་མི་རིགས་སློབ་ཆེན་དང་ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་སོགས་ཞིང་ཆེན་ནང་ཁུལ་སློབ་གླིང་དག་གི་སྟོབས་ཤུགས་ལ་བརྟེན་ཐོག རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་གསོ་སྦྱོང་ལྟེ་གནས་ཀྱི་སྟེགས་བུ་འདི་བརྒྱུད་ནས། ཁྲིམས་ལུགས་གཞུང་ལུགས་ཀྱི་ཆུ་ཚད་དང་། ཆབ་སྲིད་ཀྱི་འགན་འཁུར་སེམས་ཆེ་བ། བོད་རྒྱ་སྐད་གཉིས་ལ་བྱང་ཆ་ཡོད་པའི་ཆེད་ལས་མི་སྣ་སྐོར་ཞིག་འདེམས་སྒྲུག་གིས་གོ་ཆོད་པའི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ལུགས་བསླབ་དེབ་རིམ་པ་ཞིག་རྩོམ་འབྲི་བྱས། ད་ཡོད་ཁྲིམས་འཛིན་འགྲེལ་བཤད་ཁག་ལའང་ཡིག་སྒྱུར་ཚད་ལྡན་བྱས་ལ། སྔ་མྱུར་ཕྱི་དལ་གྱི་རྩ་དོན་ལྟར་ང་ཚོས་རྒྱང་རིང་བའི་ལས་ཀའི་འཆར་གཞི་དང་དུས་ཐུང་འཆར་གཞི་ཡང་བཟོས་པ་ཡིན་ཟེར། ངོ་སྤྲོད་བྱས་པ་ལྟར་ན། ད་ལྟ་སྒྲུབ་ཀྱིན་པའི་ལས་ཀ་ལ། རྩ་ཁྲིམས་རིག་པ་དང་། ཉེས་ཁྲིམས་རིག་པ། དམངས་ཁྲིམས་རིག་པ་སོགས་བསླབ་གཞི་གཙོ་བོ ༡༠ སྒྲིག་སྒྱུར་བྱེད་ཀྱི་ཡོད་ཅིང་། 《བོད་རྒྱ་སྐད་གཉིས་ཀྱི་ཞུ་གཏུག་གཞུང་ལུགས་དང་དངོས་སྤྱོད》དང《ཉེས་ཁྲིམས་གྱོད་གཞི་ཞིབ་གཅོད་གོ་རིམ་ལོ་ཙཱ》དང《དམངས་དོན་གྱོད་གཞི་ཞིབ་གཅོད་གོ་རིམ་ལོ་ཙཱ》《སྲིད་འཛིན་གྱོད་གཞི་ཞིབ་གཅོད་གོ་རིམ་ལོ་ཙཱ》སོགས་སྤྱོད་གོ་ཆོད་པའི་བསླབ་གཞི་རྩོམ་འབྲི་དང་། རྒྱུན་སྤྱོད་ཁྲིམས་འཛིན་འགྲེལ་བཤད་ཁག་ལ་བོད་རྒྱ་སྐད་གཉིས་ཀྱི་ཡིག་སྒྱུར་ཚད་ལྡན་བྱེད་པ་བཅས་ཡོད།
“འདིའི་ཕྱོགས་ལ་ཀན་སུའུ་མཐོ་རིམ་ཁྲིམས་ཁང་གིས་ལས་ཀ་ངེས་ཅན་ཞིག་བྱས་ཡོད་ཀྱང་། མི་ཤུགས་རྒྱུ་ཤུགས་གང་ཐད་ནས་ད་དུང་དཀའ་ངལ་མང་པོ་ཡོད་སྣང་འཆར་གྱིན་འདུག རེ་བ་ལ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་ལས་ཁུངས་ལ་མཐུན་སྦྱོར་བྱས་ཏེ་འདིར་ཆེད་དམིགས་རྣམ་གྲངས་འཛུགས་རྒྱུ་དང་། ཀན་སུའུ་མཐོ་རིམ་ཁྲིམས་ཁང་གིས་དེའི་འབྲེལ་ཡོད་ལས་ཀར་འགན་ཁུར་རྒྱུ་བྱུང་ན་བསམ”ཞེས་ལེང་ཡོན་མིན་གྱིས་ཟེར་རོ། །(རྩོམ་འགན་པ། རྟ་མགྲིན)