ཟླ ༣ ཚེས ༧ ཉིན་གྱི་ཆུ་ཚོད ༡༤ ནི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་གཞི་འདོན་རྒྱུ་མཚམས་འཇོག་བྱེད་པའི་དུས་བཅད་ཡིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་རང་ལྗོངས་ཀྱི་ཨུ་ཡོན་གྱིས་ཚོགས་ཆེན་ལ་གྲོས་གཞི་ཁག ༦༥ བཏོན་ཞིང་། གསར་འགོད་པས་ཤེས་རྟོགས་བྱུང་བར། དེ་སྔ་དང་བསྡུར་ན་འདི་ལོར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་མཁན་རང་ལྗོངས་ཀྱི་ཨུ་ཡོན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་བཏོན་པའི་གྲོས་གཞི་མང་དུ་སོང་ནས་ན་ནིང་ལས ༡༧% འཕར་བའི་ནང་མིང་མཉམ་འགོད་ཀྱི་གྲོས་གཞི ༢༠ ཟིན་པ་ནི་ལོ་རིམ་བྱུང་ནང་མང་ཤོས་ཀྱི་ལོ་ཞིག་ཡིན་པ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་དྲུང་ཆེ་གཞོན་པ་ཧུང་ཞོལ་ཧྥུང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་མཁན་རང་ལྗོངས་ཀྱི་ཨུ་ཡོན་གྱིས་གྲོས་གཞི་འདོན་པའི་ལས་ཀར་མཐོང་ཆེན་བྱས་ནས་སློབ་སྦྱོང་ལ་ཤུགས་སྣོན་དང་བསམ་བློའི་རིགས་པའི་གཞུང་ལུགས་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་བཏང་ནས་གླེང་ཆེ་ཞིང་དཀའ་གནད་དུ་གྱུར་པའི་གནད་དོན་སེལ་བར་ཐབས་དང་ཇུས་འདོན་ཆེད། འདི་ལོར་བཏོན་པའི་གྲོས་གཞིའི་སྤུས་འབོར་གཉིས་ཀ་ཅུང་མཐོ་ཙམ་ཡོད་ཅེས་གསུང་པ་རེད།
གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་མཁན་རང་ལྗོངས་ཀྱི་ཨུ་ཡོན་གྱིས་ཚོགས་ཆེན་ལ་གྲོས་གཞི་65བཏོན་ཡོད། གྲོས་གཞི་དེ་དག་ཁྲིམས་ལུགས་འཛུགས་སྐྱོང་དང་། ཁུལ་གཅིག་དང་ལམ་གཅིག་གི་ཐོན་ལས་འཕེལ་རྒྱས། ནུས་རྒྱུ། འགྲིམ་འགྲུལ། ཆུ་བེད་འཛུགས་སྐྲུན། ཞིང་འབྲོག ཁོར་སྲུང་། རིག་གནས། མི་རིགས་ཐོན་ལས་སོགས་གང་ས་ཅི་ཐད་དང་འབྲེལ་བས་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་དང་རེ་སྒུག་ཆེན་པོ་བྱེད་པའི་ནང་དོན་མངོན་གསལ་དོད་ལ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དོན་དངོས་དང་ཁྱད་ཆོས་ཀྱང་ལྡན་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཨུ་ཡོན་ཚོས་དོ་ཁུར་ཆེན་པོ་བྱེད་པ་དང་རང་གི་འགན་འཁྲི་ཧུར་ཐག་འཁུར་བ་མཚོན་ཡོད།(རྩོམ་འགན་པ། རྟ་མགྲིན)