ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས་ཐེངས ༡༢ པར་ཞིང་གསུམ་གནད་དོན་དམིགས་འབེན་དུ་བཟུང་།

2015-02-03 ཀླུ་རྒྱལ།
  ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ནི་ཀྲུང་གུང་ཀྲུང་དབྱང་གིས་ལོ་རེའི་ནང་འདོན་སྤེལ་གནང་བའི་ཡིག་ཆ་དང་པོ་དེ་ཡིན། ཡིག་ཆ་ཨང་དང་པོའི་བརྗོད་གཞི་ནི་རྒྱལ་ཁབ་ཀྱི་མིག་སྔར་གཙོར་འཛིན་དགོས་པ་དང་གང་མགྱོགས་སྒོས་ཐག་གཅོད་དགོས་པའི་གནད་དོན་དག་ཡིན། ལོ་ཧྲིལ་བོའི་ལས་ཀའི་ཁྲོད་རྩ་ཚིག་རང་བཞིན་དང་མཛུབ་སྟོན་རང་བཞིན་ལྡན་པའི་ཡིག་ཆ་ཞིག་ཡིན། དེ་བས་ཡིག་ཆ་དེ་ལ་ཁྱབ་ཁོངས་ཚང་མ་ནས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོན།
  འོན་ཀྱང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས་ལོ་རྒྱུན་དུ“ཞིང་གསུམ”ལ་དོ་སྣང་ཆེན་པོ་གནང་བ་མ་ཡིན། བཅོས་སྒྱུར་སྒོ་འབྱེད་ཚུན་དུ་སྤེལ་བའི་ཡིག་ཆ་ཨང་དང་པོའི་ཁྲོད། “ཞིང་གསུམ“ བརྗོད་གཞིར་བཟུང་བའི་ཡིག་ཆ་བསྡོམས་པའི ༡༧ ཡོད། དེ་དག་ཀྱང་ལོ་མཐུད་ནས་མ་ཡིན་པར་མཚམས་རེར་བར་ཆད་ཡོད།
  དུས་རབས་སྔོན་མའི་ལོ་རབས ༨༠ པའི་མགོར། ཞིང་སྡེའི་བཅོས་སྒྱུར་གྱི་ཚ་ཚ་འུར་འུར་གྱི་རྒྱབ་ལྗོངས་ཆེན་མོའི་འོག ༡༩༨༢ ལོ་ནས ༡༩༨༦ ལོའི་བར་ཀྲུང་དབྱང་གིས་བསྟུད་མར་ལོ་ལྔ་ལ་ཞིང་ལས་དང་། ཞིང་སྡེ། ཞིང་བ་བརྗོད་གཞིར་བཟུང་བའི་ཡིག་ཆ་ཨང་དང་པོ་འགྲེམ་སྤེལ་གནང་ནས། སྐབས་དེའི་ཞིང་སྡེའི་བཅོས་སྒྱུར་དང་ཞིང་ལས་འཕེལ་རྒྱས་ལ་འཆར་འགོད་བྱས། ལོ ༡༨ ཀྱི་རྗེས་སུ། ༢༠༠༤ ནས་བཟུང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས་བསྟུད་མར་ལོ ༡༢ ལ “ཞིང་གསུམ“བརྗོད་གཞིར་བཟུང་ཡོད།
  ཕྱིར་འཁོར་ནས་དུས་རབས་གསར་ཚེས་ཚུན་གྱི་ཡིག་ཆ ༡༢ པོ་ལ་བལྟས་ཚེ། དེ་དག་ཁྲོད་དུ“ཞིང་གསུམ” ལས་ཀའི་ཁྱོན་ཡོངས་ལ་དམིགས་པ་ཡོད་ལ། ཆེད་དུ་ཞིང་ལས་ཚན་རྩལ་དང་ཞིང་ལས་ཆུ་བེད། ཞིང་སྡེའི་གསར་བ་འཛུགས་སྐྲུན་སོགས་ཆེད་དོན་ལ་དམིགས་པའང་ཡོད། ཡིག་ཆ་ཨང་དང་པོས་བསྟུད་མར་ལོ ༡༢ རིང་ལ “ཞིང་གསུམ” བརྗོད་གཞིར་བཟུང་བ་དེས། ཞིང་གསུམ་གནད་དོན་ནི་ཀྲུང་གོའི་གནད་དོན་གལ་ཆེ་ཤོས་ཡིན་པ་གསལ་བོར་བསྟན་ཡོད།
  ཡིག་ཆ་ཨང་དང་པོས་ཞིང་ལས་སྐོར་གླེང་བའི་སྲོལ་རྒྱུན་དེ་དུས་རབས་སྔོན་མའི་ལོ་རབས ༨༠ ནང་ཅི་ཕྱིར་མཚམས་བཞག་པའི་ཐད་ལ་སྐབས་དེར་རྒྱལ་ཡོངས་སུ་ལྟ་ཚུལ་འདི་འདྲ་ཞིག་ཆགས་ཡོད། དུས་རབས་སྔོན་མའི་ལོ་རབས ༨༠ ནང་གི་བཅོས་སྒྱུར་སྒོ་འབྱེད་ཞིང་སྡེ་ནས་འགོ་བརྩམས་ནས་གཞི་རྩའི་གནད་དོན་དག་ཐག་བཅད་ཟིན། ཕྱིན་ཆད་ཀྱི་གནད་དོན་གཙོ་བོ་ནི་གྲོང་ཁྱེར་གྱི་གནད་དོན་དག་ཡིན། ལས་ཀའི་གཞི་སྙིང་ཡང་ཞིང་སྡེ་ནས་གྲོང་ཁྱེར་དུ་སྤོས་ཡོད།
  དེ་ན་ལོ ༡༨ ཀྱི་རྗེས་སུ་ཡིག་ཆ་ཨང་དང་པོས་ཅི་ཕྱིར་བསྐྱར་དུ “ཞིང་གསུམ” གླེང་དགོས་ཞེ་ན། འདི་ཡི་རྒྱབ་རོལ་དུ་དེ་ལས་ལྷག་པའི་རྒྱབ་ལྗོངས་གཏིང་ཟབ་པོ་ཡོད། དུས་རབས་སྔོན་མའི་མཇུག་ཏུ་རང་རྒྱལ་གྱི་ཞིང་ལས་ཐོན་སྐྱེད་ལ་རྙོག་འཛིང་གི་གནས་ཚུལ་བྱུང་། ཞིང་བའི་ཡོང་སྒོའི་འཕར་ཚད་ལོ་དུ་མར་བསྟུད་མར་བརྒྱ་ཆའི་བཞིའི་མགྱོགས་ཚད་ཀྱི་དལ་འགྲོའི་ངང་བསྡད། དེ་ལས་གཞན་གྲོང་ཁྱེར་གྱི་བཅོས་སྒྱུར་ལོ ༡༠ རིང་མགྱོགས་མྱུར་ངང་སྤེལ་རྗེས། གྲོང་ཁྱེར་དང་ཞིང་སྡེའི་འཕེལ་རྒྱས་ལ་ཧེ་བག་ཆེན་པོ་བྱུང་བ་དེས་འབྱོར་ལྡན་སྤྱི་ཚོགས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་བར་ཆད་ཐེབས་ཡོད།
  ད་ལྟར་ཀྲུང་གོའི་དཔལ་འབྱོར་གྱི་འཕེལ་རྒྱས་རྒྱུན་ལུགས་གསར་བའི་རྒྱབ་ལྗོངས་འོག་ཚུད་རྗེས། ༢༠༡༥ ལོར་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས་མུ་མཐུད་དུ “ཞིང་གསུམ” བརྗོད་གཞིར་བཟུང་བ་དེས “ཞིང་གསུམ” གྱི་གནད་དོན་དེ་ཀྲུང་གོའི་གནད་དོན་གལ་ཆེ་ཤོས་ཡིན་པའི་གནས་ཚུལ་དེ་ཉམས་མེད་པ་མ་ཟད་ད་དུང་དེར་ཤུགས་རྒྱག་དགོས་པ་བསྟན། དེང་གི་དུས་འདིར་ཀྲུང་གོ་ཅན་བཞི་འཛུགས་སྐྲུན་དང་། ཁྱོན་ཡོངས་ནས་འབྱོར་ལྡན་སྤྱི་ཚོགས་འཛུགས་སྐྲུན་གྱི་གཙོ་གནད་དུས་སྐབས་དང་དུས་རིམ་མཐའ་མར་སླེབས་ཡོད། ཁྱོན་ཡོངས་ནས་འབྱོར་ལྡན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་ལ་ཞིང་སྡེའི་ཕྱོགས་ཆད་མི་རུང་། ཅན་བཞིའི་འཛུགས་སྐྲུན་ལ་ཞིང་ལས་ཅུང་ཞན་པའི་ཆ་དེར་ཤུགས་རྒྱག་དགོས། རྒྱལ་ཁབ་ཀྱི་བྱ་བ་སོ་སོའི་ཁྲོད“ཞིང་གསུམ” གྱི་གལ་ཆེན་རང་བཞིན་དེ་ཧ་ཅང་གསལ་བོ་ཡིན། རྒྱུ་རྐྱེན་འདི་དག་གིས “ཞིང་གསུམ” གནད་དོན་ནི་ད་རུང་ཀྲུང་དབྱང་གི་ཁ་ཚ་དགོས་གཏུགས་དང་གཙོ་བོར་བཟུང་ནས་འཆར་འགོད་བྱེད་དགོས་པའི་ལས་ཀ་དེ་ཡིན་པ་ཐག་བཅད་ཡོད། དག་དག་དེའི་རྐྱེན་གྱིས་དོ་ཚིགས་གི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས་ཐེངས ༡༢ པར“ཞིང་གསུམ”གནད་དོན་དེ་བརྗོད་སྙིང་དུ་བཟུང་བ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག