ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞིས་ཅིན་ཕིང་ན་རེ། ཀྲོའུ་ཡུང་ཁང་སོཊ་ཞིབ་བཤེར་བྱས་པ་ལས་ཏང་གིས་གནད་དོན་ལ་གདོང་གཏད་ཐུབ་པ་ར་སྤྲོད་བྱས།

2015-01-14
  ཟླ་དང་པོའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གསུང་བཤད་གལ་ཆེན་གནང་།
  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་གསུངས་རྒྱུར། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་བཅས་ཀྱི་རེ་བ་ལྟར། བསམ་བློའི་སྟེང་ནས་ཏང་འཛུགས་པ་དང་ལམ་ལུགས་ཀྱིས་ཏང་སྐྱོང་བ་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་མོ་བྱེད་པ་དང་། སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཐད་ཀྱི་ཁྲིམས་སྲོལ་དང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། འགན་འཁྲི་གཉིས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། ལྟ་སྐུལ་སྒྲིག་འཛིན་འགན་འདྲིར་ཤུགས་སྣོན་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། བློ་བརྟན་འགྱུར་མེད་སྒོས་རུལ་སུངས་ཀྱི་གནས་ཚུལ་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་པ། གཡུལ་ས་བརྟན་སྲུང་བྱེད་པ་དང་། གྲུབ་འབྲས་སྲ་བརྟན་དུ་གཏོང་བ། རྒྱ་བསྐྱེད་ཟབ་སྤེལ་བྱེད་པ་བཅས་བྱས་ནས། བློ་བརྟན་འགྱུར་མེད་སྒོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་དགོས་ཟེར།
  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཀྲང་ཀའོ་ལིས་བཅས་གྲོས་ཚོགས་སུ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།
  ཞིས་ཅིན་ཕིང་གིས་གསུངས་རྒྱུར། 2014ལོར་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་ནས་ཕན་འབྲས་མངོན་གསལ་བླངས། ང་ཚོའི་ཏང་གིས་ཏང་དང་རྒྱལ་ཁབ་ཀྱི་ཤི་གསོན་ཆགས་འཇིག་དང་འབྲེལ་བའི་མཐོ་ཚད་ནས། ལོ་རྒྱུས་ཀྱི་ལས་འགན་འདུ་ཤེས་དྲག་པོ་དང་། འགན་འཁྲིའི་ཉམས་ཉེན་འདུ་ཤེས་ཟབ་མོ། བསམ་པའི་ཆོད་སེམས་བརྟན་པོ་བཅས་ལ་བརྟེན་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ཏེ། བཀག་ཁུལ་མེད་པ་དང་། ཡོངས་ལ་ཁེབས་པ། བཟོད་སྒོམ་མི་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། རུལ་སུངས་པར་ཞིབ་བཤེར་དང་ཁྲིམས་ཐག་ནན་མོ་བཅད་དེ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཆོག་པ། རུལ་སུངས་བྱེད་མི་བསམ་པ་བཅས་ཀྱི་ཆབ་སྲིད་ཁོར་ཡུག་ཧུར་ཐག་གིས་བསྐྲུན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། དཀྱིལ་སྙིང་གི་ལས་འགན་ལ་དམིགས་ནས། འགན་འཁྲིའི་ནུས་པ་འདོན་སྤེལ་བྱས་པ་དང་། གསར་སྐྲུན་རང་བཞིན་གྱི་སྒོ་ནས་བྱ་བ་བསྒྲུབས་ཏེ། བྱ་བ་སྣ་ཚོགས་ཐད་ནས་ཕན་འབྲས་གསར་བ་བླངས། ང་ཚོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་བ་དང་། ཏང་གི་སྒྲིག་ལམ་འཛུགས་སྐྲུན་ལ་ཤུགས་བསྣན་ཞིང་། སྲོལ་ངན་བཞིར་དམིགས་ནས་སྒྲིག་འཛིན་ལྟ་སྐུལ་ལ་ཤུགས་བསྣན་ཏེ། སྐོར་ཞིབ་ཚན་ཆུང་གི་གྲངས་ཚད་དང་སྐོར་ཞིབ་བྱེད་ཐེངས་ཇེ་མང་དུ་བཏང་བ་དང་། རྩ་བ་ནས་བཅོས་སྐྱོང་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་ནས། སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་གཞི་བཅོས་བསྒྱུར་བློ་ཐག་རྦད་ཆོད་སྒོས་སྤེལ། ང་ཚོས་བློ་ཐག་རྦད་ཆོད་སྒོས་ཀྲིག་ཡུང་ཁང་དང་ཞུའུ་ཚེ་ཧིག ལིན་ཅི་ཧྭ། སུའུ་རོང་སོགས་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་གྱོད་གཞི་ཚབས་ཆེན་རྩད་བཅད་དེ། འཛམ་གླིང་ཡོངས་ལ་ཀྲུང་གོ་གུང་ཁྲན་ཏང་གིས་གནད་དོན་ལ་ཐད་ཀར་དུ་ཁ་གཏད་འཇབ་བ་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ། ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་ཏང་གི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་ཕོད་པ། རང་སྟེང་གཙང་བསྒྱུར་དང་རང་སྟེང་གསར་སྒྱུར་བྱེད་མཁས་པ་བཅས་ར་སྤྲོད་བྱས། ཏང་ཡོངས་ཀྱིས་ངེས་པར་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་ཏང་སེམས་དང་དམངས་སེམས་དང་མཐུན་པ་སེམས་ལ་དམ་པོར་འཛིན་དགོས། ཏང་སེམས་དང་དམངས་སེམས་དེ་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཤིག་ཏུ་བརྩིས་ན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་ངེས་ཡིན་ཟེར།
  ཞིས་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། ཉེ་བའི་ལོ་གཉིས་ཀྱི་རིང་ལ་རྩད་བཅད་པའི་གྱོད་གཞི་དང་སྐོར་ཞིབ་བྱས་ནས་རྩད་ཆོད་པའི་གནད་དོན་ལ་བལྟས་ན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་སྟེ། གཙོ་བོ་ནི་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཆོག་པ། རུལ་སུངས་བྱེད་མི་བསམ་པ་བཅས་མངོན་འགྱུར་བྱེད་པའི་ཐད་ནས་ད་རུང་ཐག་གཅོད་རང་བཞིན་གྱི་རྒྱལ་ཁབ་ལེན་ཐུབ་མེད་པ་དང་། རུལ་སུངས་བྱ་འགུལ་ཇེ་ཉུང་དུ་སོང་ཡོད་མོད་འོན་ཀྱང་ད་རུང་རྩ་མེད་དུ་གཏོང་ཐུབ་མེད་ལ། རུང་སུངས་ལ་ངོ་རྒོལ་བྱེད་པའི་སྒྲིག་གཞི་བཙུགས་ཡོད་མོད་འོན་ཀྱང་ད་རུང་འཐུས་ཚང་མིན་པ་དང་། བམས་བློའི་སློབ་གསོར་ཤུགས་བསྣན་ཡོད་མོད་འོན་ཀྱང་ད་རུང་བསམ་བློའི་སྟེང་ནས་འགོག་སྲུང་བྱེད་པའི་རྨང་གཞི་བརྟན་པོ་མིན་པས། རུལ་སུངས་པ་ཇེ་ཉུང་དུ་གཏོང་བ་དང་། རུལ་སུངས་པའི་གྲངས་ཀ་འཕར་བར་བཀག་འགོག་བྱེད་པ། ཆབ་སྲིད་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་པ་བཅས་ཀྱི་བྱ་བར་ད་རུང་དཀའ་ཚེགས་ཧ་ཅང་ཆེ། དེར་བརྟེན། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དུས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས། ཏང་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་སེམས་ཤུགས་གཅིག་སྒྲིལ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་ན། ང་ཚོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྒྱལ་ཁ་ལེན་ཐུབ་པ་ཤ་སྟག་ཡིན་ཟེར།
  ཞིས་ཅིན་ཕིང་གིས་ད་ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པའི་ཐད་རེ་བ་གཙོ་བོ་བཞི་བཏོན་པ་སྟེ། གཅིག འགན་འཁྲི་རྩད་གཅོད་གཟབ་ནན་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་གཙོ་བོ་ཇེ་དྲག་ཏུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དེ་རང་གི་བསྒྲུབ་འོས་པའི་བྱ་བ་དང་། འཁུར་འོས་པའི་འགན་འཁྲི་རུ་བརྩིས་ནས། ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། འགན་འཁྲི་སྔར་ལས་ཞིབ་ཕྲར་གཏོང་བ། མགོ་ཁྲིད་ཀྱིས་སྣེ་ཁྲིད་པ་བཅས་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཕུགས་འདུན་ཡིད་རྟོན་དང་དམིགས་འབེན་སློབ་གསོ་ཟབ་སྤེལ་བྱས་ཏེ། བསམ་བློའི་སྟེང་ནས་རུལ་སུངས་ལ་ངོ་རྒོལ་དང་འགྱུར་ལྡོག་ལ་འགོག་རྒོལ་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། གཉིས། ཆོད་སེམས་བརྟན་པོས་སྲོལ་ངན་བཞི་ཡོ་བསྲང་བྱེད་པ་དང་། རྒྱུན་དུ་དམ་འཛིན་བྱས་ཏེ་གོམས་སྲོལ་དུ་འགྱུར་བར་བྱེད་པ་དང་ཡུན་རིང་གི་ཕན་འབྲས་བརྩོན་ལེན་བྱེད་དགོས་ལ། རྒྱུན་འཁྱོངས་ཁྲོད་ནས་རྒྱུན་སྲོལ་མཐོང་བར་བྱེད་པ་དང་། ལམ་ལུགས་འཛུགས་སྐྲུན་ཐད་ནས་ཡུན་རིང་གི་ཕན་འབྲས་བརྩོན་ལེན་བྱེད་པ། སྒྲིག་ལམ་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་བསྣན་ཏེ། ཁྲིམས་དང་འགལ་བའི་སྒོ་ནས་སྲོལ་ངན་བཞི་སྤེལ་བ་དེ་སྒྲིག་ཁྲིམས་ཞིབ་བཤེར་གྱི་གཙོ་གནད་དུ་འཇོག་དགོས། གསུམ། མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་ལྷོད་མེད་སྒོས་རུལ་སུངས་ཀྱི་གནད་དོན་རྩོད་གཅོད་བྱེད་དགོས། ངེས་པར་དུ་བཟོད་སྒོམ་ཅི་ཡང་མི་བྱེད་པའི་རྣམ་འགྱུར་མི་འགྱུར་བ་དང་། ནད་ལྕི་མོར་སྨན་བཙན་པོ་བཀོལ་བའི་ཆོད་སེམས་མི་ཉམས་པ། རུས་པ་དྲལ་ནས་དུག་རྨས་གསོ་བའི་སྙིང་སྟོབས་མི་ཞུམ་པ། ཆད་པ་ནན་མོ་གཅོད་པའི་ཚད་ཐིག་མི་ཡོ་བ་བཅས་རྒྱུན་འཁྱོངས་བྱས་ཏེ། གནད་དོན་གཅིག་རྙེད་ན་གཅིག་རྩད་གཅོད་པ་དང་། ཅི་ཙམ་རྙེད་ན་དེ་ཙམ་རྩད་བཅད་ནས། རུལ་སུངས་ངོ་རྒོལ་གྱི་དཔའ་དམ་མཐོ་རུ་ཕྱར་ནས། ཟིལ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། བཞི། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ལམ་ལུགས་གསར་སྐྲུན་ལ་ཤུགས་བསྣན་ནས། གོང་རིམ་སྒྲིག་ཨུས་འོག་རིམ་ཏང་ཨུ་དང་སྒྲིག་ཨུ་ལྟ་སྐུལ་བྱེད་པར་ཤུགས་བསྣན་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་སྒྲིག་ལུགས་རྣམ་གཉིས་དོན་འཁྱོལ་ཡོང་བར་བྱེད་དགོས།
  ཞིས་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ན། སྒྲིག་ཁྲིམས་བརྩི་སྲུང་དང་སྒྲིག་ལམ་འཛིན་རྒྱུ་དེ་གོ་གནས་གལ་ཆེན་དུ་འཇོག་དགོས། ཏང་གི་སྒྲིག་ཡིག་ནི་ཏང་ཡོངས་ཀྱིས་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་སྤྱིའི་སྒྲིག་ཡིག་ཡིན་པ་དང་སྤྱིའི་སྒྲིག་ལམ་ཡང་ཡིན། ཏང་གི་སྒྲིག་ལམ་ནི་རྩ་གནད་རང་བཞིན་གྱི་ཚོད་འཛིན་ཞིག་ཡིན་ལ། ཆབ་སྲིད་སྒྲིག་ལམ་ནི་དེ་བས་ཀྱང་ཏང་ཡོངས་ཀྱིས་ཆབ་སྲིད་ཁ་ཕྱོགས་དང་ཆབ་སྲིད་ལངས་ཕྱོགས། ཆབ་སྲིད་དཔྱད་བརྗོད། ཆབ་སྲིད་འགུལ་སྐྱོད་བཅས་ཀྱི་ཕྱོགས་སུ་ངེས་པར་དུ་བརྩི་སྲུང་བྱེད་པའི་རྩ་གནད་རང་བཞིན་གྱི་འགྱུར་མེད་ཚོད་འཛིན་ཞིག་ཡིན། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནི་ཏང་ཡོན་དང་ལས་བྱེད་པས་ངེས་པར་དུ་བརྩི་སྲུང་བྱེད་པའི་སྒྲིག་ལམ་ཡིན། ཏང་གིས་ཡུན་རིང་ལག་ལེན་བྱས་པ་བརྒྱུད་དེ་གྲུབ་པའི་སྲོལ་བཟང་དང་བྱ་བའི་རྒྱུན་སྲོལ་ཡང་ཏང་ནང་ཁུལ་གྱི་སྒྲིག་ལམ་གལ་ཆེན་ཞིག་ཡིན། སྒྲིག་སྲོལ་ནི་ཡིག་ངོར་ཕབ་པའི་སྒྲིག་ལམ་ཡིན་པ་དང་། ཡིག་ཐོག་ནས་སྒྲིག་ཁྲིམས་སུ་བཀོད་མེད་པའི་སྒྲིག་ལམ་ཁ་ཤས་ནི་ཡིག་ངོས་མ་ཕབ་པའི་སྒྲིག་ཁྲིམས་ཡིན། སྒྲིག་ཁྲིམས་ནི་འགྱུར་མེད་ཀྱི་སྒྲིག་ལམ་ཡིན་པ་དང་། ཡིག་ཐོག་ནས་སྒྲིག་ཁྲིམས་སུ་བཞག་མེད་པའི་སྒྲིག་ལམ་ཁ་ཤས་ནི་རང་ལ་ཚོད་འཛིན་བྱེད་པའི་སྒྲིག་ཁྲིམས་ཡིན། ང་ཚོ་ཏང་གིས་ཡུན་རིང་ལག་ལེན་བྱས་ནས་གྲུབ་པའི་སྲོལ་བཟང་དང་བྱ་བའི་རྒྱུན་སྲོལ་ནི་ལག་ལེན་གྱི་ཞིབ་བཤེར་ཚད་ལེན་བྱས་རྗེས་གྲུབ་པ་དང་ལག་བསྟར་བྱས་ན་ཕན་འབྲས་ཐོབ་པ་ཞིག་ཡིན་པས། ཏང་ཡོངས་ཀྱིས་ཡུན་རིང་ལ་རྒྱུན་འཁྱོངས་དང་རང་རྟོགས་སྒོས་བརྩི་སྲུང་བྱེད་དགོས་ཟེར། ཞིས་ཅིན་ཕིང་གིས་གསུངས་རྒྱུར། སྒྲིག་ལམ་འཛིན་པ་ནི་ཏང་ཡོན་དང་ལས་བྱེད་པའི་ཏང་གཤིས་ཐད་ཀྱི་ཉམས་སད་གལ་ཆེན་ཡིན་པ་དང་། ཏང་ཡོན་དང་ལས་བྱེད་པས་ཏང་ལ་བློ་དཀར་ཚད་ཐད་ཀྱི་ཞིབ་བཤེར་ཚད་ལེན་གལ་ཆེན་ཞིག་ཡིན། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་བརྩི་སྲུང་བྱེད་ན་ངེས་པར་དུ་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོབ་བྱས་ཏེ། དུས་དང་གནས་ཚུལ་གང་རུང་འོག་ཏུ་ཡང་ངེས་པར་དུ་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་ཕྱོགས་ནས་ཏང་ཀྲུང་དབྱང་དང་གཅིག་གྱུར་ཆེན་པོ་བྱེད་པ་སྲུང་འཛིན་བྱེད་དགོས་པ་དང་། ངེས་པར་དུ་ཏང་གི་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱས་ཏེ། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཏང་ལ་བློ་དཀར་བའི་བློ་མཐུན་ཡོངས་དང་མཐུན་སྒྲིལ་བྱེད་དགོས་ཤིང་། ངེས་པར་དུ་རྩ་འཛུགས་ཀྱི་གོ་རིམ་བརྩི་སྲུང་བྱས་ཏེ། གནད་དོན་གལ་ཆེན་ཐད་ནས་ཡར་ཞུ་བྱེད་དགོས་པ་ཞིག་ཡིན་ན་ཅིས་ཀྱང་ཡར་ཞུ་བྱེད་དགོས་པ་ལས་དབང་ཆ་ལས་བརྒལ་ནས་དོན་དག་བསྒྲུབ་མི་ཆོག་པ་དང་། ངེས་པར་དུ་རྩ་འཛུགས་ཀྱི་ཆོད་དོན་དང་ལེན་བྱས་ཏེ། རྩ་འཛུགས་ལས་བརྒལ་བའི་བྱ་འགུལ་གཏན་ནས་སྤེལ་མི་ཆོག་པ་དང་རྩ་འཛུགས་ཀྱི་ཆོད་དོན་དང་རྒྱབ་འགལ་བྱེད་མི་ཆོག་ལ། ངེས་པར་དུ་ཁྱིམ་མི་དང་ལས་གྲོགས་རྣམས་ལ་དོ་དམ་བཟང་བོ་བྱས་ཏེ། ཁོ་ཚོས་དམིགས་བསལ་གྱི་ཐོབ་ཐང་ལ་བརྟེན་ནས་ཁྲིམས་འགལ་གྱི་ཁེ་ཕན་ལེན་པར་གཏན་འགོག་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྒྲིག་ཁྲིམས་ནན་སྲུང་དང་སྒྲིག་ལམ་ནན་འཛིན་བྱེད་པ་གོ་གནས་གལ་ཆེན་དུ་བཞག་ནས་དམ་འཛིན་བྱེད་དགོས་པ་དང་། ཧུར་ཐག་སྒོས་ཏང་ཡོངས་སུ་སྒྲིག་ཁྲིམས་བརྩི་སྲུང་དང་སྒྲིག་ལམ་འཛིན་པའི་སྣང་བརྙན་བཟང་བོ་བསྐྲུན་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་འདུ་ཤེས་བརྟན་པོ་ཆགས་པར་བྱེད་པ་དང་། སྒྲིག་ཁྲིམས་དང་སྒྲིག་ལམ་ཐད་ནས་དཔེ་སྟོན་གྱི་ནུས་པ་འདོན་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་ལྟ་རྟོག་ཞིབ་བཤེར་ལ་ཤུགས་བསྣན་ནས་སྒྲིག་ཁྲིམས་མི་བརྩི་བའི་བྱ་སྤྱོད་ལ་རྩད་གཅོད་ནན་མོ་བྱེད་དགོས་ཟེར།
  ཞིས་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་བཀོད་སྒྲིག་གལ་ཆེན་གཏན་ལ་ཕབ་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བྱེད་པར་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས། དེ་ལས“གཏོར”དང“འཛུགས”ཀྱི་རྩོད་སྒྲུབ་ཀྱི་གཅིག་གྱུར་མཚོན་ཡོད་པ་བཞིན་དུ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་གཏོང་ནའང“གཏོར”དང“འཛུགས”ཀྱི་བྱ་བ་སྔར་བཞིན་བཟང་བོར་བསྒྲུབ་དགོས། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་བྱེད་པའི་སྒྲིག་ཡིག་དང་ལམ་ལུགས་འཛུགས་སྐབས་ཕྱོགས་བཞིའི་ལམ་ལུགས་འཛུགས་སྐྲུན་དམ་འཛིན་བྱེད་དགོས་ཏེ། གཅིག ཏང་ནང་ཁུལ་གྱི་ལྟ་རྟོག་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་འཛིན་གྱི་ཚད་གཞི་འགའ་དང་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག སྐོར་ཞིབ་བྱ་བའི་སྲོལ་ཡིག་བཅས་བཟོ་བཅོས་བྱེད་དགོས་པ་དང་། གནད་ཆེ་ས་འབུར་དུ་ཐོན་པར་བྱས་ནས་ད་ལྟའི་གནས་བབ་ལ་དམིགས་དགོས། གཉིས། མི་འདེམ་པ་དང་མི་བཀོལ་སྤྱོད། མི་ལ་དོ་དམ་བྱེད་པ་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་མགོ་ཁྲིད་ལས་བྱེད་པའི་ལྟ་རྟོག་དང་དོ་དམ་བྱ་བར་ཤུགས་སྣོན་པ་དང་། མགོ་ཁྲིད་ལས་བྱེད་པས་མི་བཟང་བོ་ཞིག་བྱེད་པ་དང་འགན་འཁྲིའི་ཁྱད་ཆོས་ལྟར་བྱ་བ་བསྒྲུབ་དགོས། གསུམ། སྒྲིག་སྲོལ་ནང་རྐྱེན་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཚད་ཆེས་ཆེ་བའི་སྒོ་ནས་དོན་དག་ཆུང་བའི་དོ་དམ་ཇེ་ཉུང་དུ་གཏོང་བ་དང་། དབང་ཆའི་རེའུ་མིག་ལམ་ལུགས་ལག་བསྟར་བྱེད་དགོས་ལ། ཞིབ་མཆན་བརྒྱུད་རིམ་མངོན་གསལ་བྱེད་པ་དང་ནང་ཁུལ་གྱི་བརྒྱུད་རིམ་ཚོད་འཛིན་ཇེ་དྲག་ཏུ་བཏང་ནས་དབང་ཆ་གང་འདོད་དུ་བཀོལ་བར་སྔོན་འགོག་བྱེད་དགོས། བཞི། རྒྱལ་དབང་ཁེ་ལས་ཀྱི་ལྟ་རྟོག་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ཏང་གིས་རྒྱལ་དབང་ཁེ་ལས་ལ་མགོ་ཁྲིད་པར་ཤུགས་སྣོན་པ་དང་། རྒྱལ་དབང་ཁེ་ལས་ཀྱི་མགོ་ཁྲིད་ཚན་ཁག་གི་ལྟ་རྟོག་བྱ་བར་ཤུགས་སྣོན་དགོས་པར་མ་ཟད། རྒྱལ་དབང་ཁེ་ལས་ཀྱི་སྐོར་ཞིབ་བྱ་བ་བཟང་བོར་བསྒྲུབ་ནས་རྩིས་བཤེར་ལྟ་རྟོག་ཤུགས་ཚད་ཇེ་ཆེར་གཏོང་དགོས། རྒྱལ་དབང་རྒྱུ་ནོར་གྱི་ཡོང་ཁུངས་ཧ་ཅང་དཀའ་ཞིང་དེ་ནི་རྒྱལ་ཡོངས་མི་དམངས་ཐུན་མོང་གི་རྒྱུ་ནོར་ཡིན། རྒྱལ་དབང་རྒྱུ་ནོར་གྱི་ལྟ་རྟོག་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་ན་དབང་ཆ་གཅིག་སྡུད་དང་མ་དངུལ་མཉམ་བསྡུ། ཐོན་ཁུངས་གཅིག་གྱུར་བཅས་ཀྱི་ལས་ཁུངས་དང་གོ་གནས་ཀྱི་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་དགོས་ཟེར།
  ཞིས་ཅིན་ཕིང་གིས་བསྟན་དོན། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཞེས་པའི་དཀྱིལ་སྙིང་གི་ལས་འགན་ལྟེ་གནས་ལས་འགན་ལ་དམ་དུ་དམིགས་ཏེ། ལྟ་རྟོག་སྒྲིག་འཛིན་འགན་འདྲི་ཇེ་དྲག་ཏུ་གཏོང་བ་དང་། འགན་ནུས་སྒྱུར་ཞིང་རྣམ་པ་སྒྱུར་བ། སྤྱོད་ཚུལ་སྒྱུར་བ་བཅས་ལ་ཤུགས་བསྣན་ནས། ཏང་གི་སྒྲིག་ཡིག་ནང་གནང་བའི་འགན་འཁྲི་ལག་བསྟར་སྔར་ལས་བཟང་བོ་བྱེད་དགོས། རྒྱ་ཆེའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པས་སྤོབས་པ་ཆེན་པོས་འགན་དང་ལེན་བྱེད་པ་དང་ལྟ་རྟོག་བྱེད་ཕོད་པར་བྱས་ནས། ཧུར་ཐག་སྒོས་བློ་དཀར་ཞིང་འགན་དང་ལེན་བྱེད་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་དཔུང་སྡེ་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར།
  ཝང་ཆི་ཧྲན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གྱི་གསུང་བཤད་གལ་ཆེན་དེས་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནས་བབ་ལ་དབྱེ་ཞིབ་ཟབ་མོ་བྱས་ཡོད་པ་དང་། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་སྤྱིའི་རེ་བ་དང་ལས་འགན་གཙོ་བོ་གསལ་བོར་བསྟན་ཡོད། གསུང་བཤད་ཀྱི་ལྟ་བ་གསལ་བ་དང་ལངས་ཕྱོགས་བརྟན་ལ། བླང་དོར་གྱི་གནས་གསལ་བོར་བསྟན་ནས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འདུ་ཤེས་དྲག་པོ་གསལ་བོར་མངོན་ཡོད་པ་དང་། བླ་ན་མེད་པའི་ཏང་གཤིས་སྤྱོད་བཟང་དང་འགན་ཁུར་ཕོད་པའི་སྙིང་སྟོབས་གསལ་བོར་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་ནི་ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་མྱུར་དུ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱེད་པ་དང་། དོན་དངོས་དང་འབྲེལ་ཏེ་ལག་ལེན་ལ་མཛུབ་སྟོན་དང་བྱ་བར་སྐུལ་འདེད་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གྱི་ཐུགས་རེ་བློ་ཐག་རྦད་ཆོད་སྒོས་དངོས་འབེབས་བཟང་བོ་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁུར་གཙོ་བོ་དང་ལྟ་རྟོག་འགན་འཁྲི་ཕྲག་ཏུ་བླངས་ནས། སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་འཛིན་བྱེད་པ། བློ་ཐག་རྦད་ཆོད་ཀྱིས་སྲོལ་ངན་བཞི་ཡོ་བསྲང་བྱེད་པ་དང་། རུལ་སུངས་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པ། ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཏང་ནང་ཁུལ་གྱི་ལྟ་རྟོག་ནུས་པ་ཇེ་ཆེར་བཏང་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་དགོས་ཟེར།
  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་གྲོས་ཚོགས་སུ་ཞུགས།
  ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། མི་དམངས་ཚོགས་པ་སོ་སོ། དམག་དཔུང་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འགན་ཁུར་པ་བཅས་གྲོས་ཚོགས་སུ་ཞུགས། ཐེངས་འདིའི་གྲོས་ཚོགས་ནས་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོ་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་དང་དམག་དཔུང་འབྲེལ་ཡོད་ལས་ཁུངས་བཅས་ནས་ཡན་ལག་ཚོགས་ར་བཙུགས།
  ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དེ་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་པེ་ཅིན་ནས་ཚོགས་མགོ་བརྩམས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས། ཝང་ཆི་ཧྲན་གྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། ཁ་ཡིག་ལ 《ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྒྲིག་ལམ་ལྟར་ཏང་བཅོས་སྐྱོང་བྱས་ཏེ་བློ་བརྟན་འགྱུར་མེད་སྒོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་དགོས》ཞེས་པའི་བྱ་བའི་སྙན་ཞུ་ཕུལ།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག