ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཏང་གི་གསར་ལམ་དུ། ཀྲུང་དབྱང་གིས་ཀྲོའུ། ཞུས། ལེན་སོཊ་ལ་རྡུང་རྡེག་བཏང་བར་དོན་སྙིང་ཟབ་མོ་ལྡན་ཞེས་འཁོད།

2014-12-31 གཡུ་ལྕམ།

  སུང་རྒྱལ་རབས་བྱང་མའི་ཆབ་སྲིད་པ་ཝང་ཨན་ཧྲིས་ཇི་སྐད་དུ། རབ་བརྗིད་ས་འཛིན་རྩེ་མོར་སྐྱེ་བོའི་ཞབས་སེན་བཀོད་གྱུར་ཕྱིར།། སྤྲིན་ནག་ཕུང་པོས་རྒྱང་རིང་མཐོང་ལམ་བསྒྲིབས་པར་དངངས་མི་དགོས།། ཞེས་སྙན་ཚིག་སྦྱར་མྱོང་།   
  ཆབ་སྲིད་ཀྱི་དོན་རྐྱེན་ཞིག་དང་ཐག་ཉེ་དྲགས་ཚེ། དེའི་རྒྱབ་ལྗོངས་གསལ་པོར་མི་ངེས་པར་ཕྱོགས་ལྷུང་དུ་འགྱུར་ཉེན་མཆིས།   
  གླེང་གཞི་ནི་གལ་ཆེ་མོད་དེ་ལས་ཀྱང་གལ་ཆེ་བ་ནི་ཆབ་སྲིད་ཀྱི་མགོ་འཇུག་ཡོངས་ལ་ལྟ་ཞིབ་བྱ་རྒྱུ་དེ་ཡིན། 
  ༢༠༡༤ ལོར་གོ་གནས་ནས་ལྷུང་བའི་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཟུར་པ་བཞི་པོར་སྡེབ་གཅིག་ཏུ་བལྟས་ན།  གྱོད་གཞི་ཚང་མའི་དོན་སྙིང་མི་འདྲ་བ་རྟོགས་ཐུབ།         

  ཀྲོའུ་ཡུང་ཁང་གི་གྱོད་གཞིའི་ཐད་ནས་དཔོན་རར་རྡུང་རྡེག་བཏང་ཞིང་། དེའི་གནད་ཆེ་ཤོས་ནི་ཚོགས་མཐུན་རིང་ལུགས་དང་ཤོག་ཁག་རིང་ལུགས་རེད། 
  རྡོ་སྣུམ་ཤོག་ཁག་དང་ཀྲོའུ་ཡི་ལག་འོག་གི་དྲུང་ཡིག་ཚོགས་པ་གང་ཡིན་རུང་ཁྱད་ཆོས་གཙོ་བོ་ནི་མནའ་མཐུན་བརྟན་སྲུང་གིས་གཅིག་ཉམས་ན་ཀུན་ཉམས་པ་དང་གཅིག་དར་ན་ཀུན་དར་བ་དེ་རེད།  ཆབ་སྲིད་ཀྱི་ཐད་ནས་རྦད་དེ་ཤོག་ཁག་ལ་བརྟེན་ནས་སུ་ནི་རང་རེའི་དགྲ་གྲོགས་ཡིན་མིན་གཏན་ལ་ཕབ་ནས་སྤྱི་ཡོངས་ལ་སྣང་ཆུང་བྱེད།  
  ལོ་རྒྱུས་སུའང་དེ་ལྟ་བུའི་སྲོལ་ངན་མེད་པ་མིན། དཔེར་ན།  ཐང་གུར་དུས་ཀྱི་ཉིའུ་ལིའུ་བར་གྱི་འཐབ་རྩོད་དང་།  སུང་བྱང་མའི་ལུའོ་དང་ཧྲུའུ་སྲིད་ཚོགས་གཉིས་ཀྱི་འཐབ་རྩོད།  མིང་རྒྱལ་རབས་ཀྱི་ཏུང་ལེན་སྲིད་ཚོགས་དང་ཡན་སྲིད་ཚོགས་བར་གྱི་འཐབ་རྩོད་སོགས་ཀྱིས་མཚོན་པའི་ཆབ་སྲིད་ཀྱི་ཉམས་རྒུད་མང་པོ་ནི་སྲིད་ཚོགས་འཐབ་རྩོད་ཀྱི་བྱུར་རྐྱེན་ལས་བྱུང་བ་རེད། 
  ཚད་ངེས་ཅན་གྱི་ཆ་ནས་གླེང་ན། ཚོགས་མཐུན་རིང་ལུགས་ནི་སྲིད་ཚོགས་ཀྱི་ཆབ་སྲིད་སྐྱོང་བའི་ཁྲོད་འཐབ་རྩོད་ལས་བྱུང་བའི་འབྲས་བུ་ཡིན། དེའི་གནོད་ཚབས་ཆེ་ཤོས་ནི་ཏང་ནང་ཁུལ་གྱི་གཅིག་གྱུར་ལ་གནོད་པར་མ་ཟད།  གཅིག་གྱུར་ལ་གཞོལ་བའི་སྲིད་ཚོགས་ལ་ཆ་མཚོན་ན་དེ་ནི་འབར་མདེལ་ཞིག་དང་མཚུངས་བས་ཅིས་ཀྱང་གཙང་སེལ་བྱེད་དགོས་པ་ཞིག་ཡིན།  

  ཞུས་ཚའེ་ཧོའུ་ཡི་གྱོད་གཞིའི་ཐད་ནས་རྡུང་རྡེག་གཏོང་ཡུལ་ནི་དམག་དཔུང་ཁོངས་གཏོགས་རེད། 
  ཏང་སྲིད་དམག་གསུམ་ནི་རྒྱལ་ཁབ་ཀྱི་ཁོངས་གཏོགས་ཆེ་གྲས་གསུམ་ཡིན། སྤྱིར་བཤད་ན། ཀྲོའུ་ཡུང་ཁང་དང་ཞུས་ཚའེ་ཧོའུ་སུ་ཡིན་རུང་ཏང་ནང་ཁུལ་གྱི་སྟག་རྒན་ལྟ་བུ་ཡིན། འོན་ཀྱང་ལྟོས་བཅས་ཀྱིས་བརྗོད་ན།  ཞུས་ཚའེ་ཧོའུ་ནི་གཙོ་བོར་དམག་དཔུང་ཁོངས་གཏོགས་རེད། དུས་ཡུན་རིང་པོར་དམག་དཔུང་ཁོངས་གཏོགས་ལ་ལྟ་སྡོམ་གྱི་སྟོབས་ཤུགས་གོ་ཆོད་ཅིག་སྤྱོད་ཐུབ་ཀྱིན་མེད། ཞུས་ཚའེ་ཧོའུ་ནི་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཡིན་པས་དེ་ལ་འོས་འཚམ་གྱི་ལྟ་སྡོམ་དེ་བས་ཀྱང་བྱེད་ཐུབ་ཀྱིན་མེད། གསར་ལམ་དུ་བཀོད་པ་ལྟར་ན། གོ་ས་ནས་ལྷུང་ཟིན་པའི་ཀུའུ་ཅིན་ཧྲན་དང་ཞུས་ཚའེ་ཧོའུ་ཡི་བར་འབྲེལ་བ་དམ་ཟབ་ཅིག་ཡོད་པའི་དབང་གིས་སྤོབས་པ་ཆེན་པོའི་ངང་རྒྱུ་ནོར་གང་འདོད་དུ་བསྡུ་ཕོད་པར་གྱུར་པ་རེད། 
  དེ་ལྟ་བུའི་གནས་བབ་འོག་དམག་དཔུང་ཁྲོད་རུལ་སུངས་ལ་ངོ་རྒོལ་ཅི་ལྟར་བྱེད་དམ། མཐོ་རིམ་མགོ་ཁྲིད་ལས་བྱེད་པ་ཁ་ཅིག་གིས་ཅི་འདོད་གང་དྲན་གྱི་སྦྱོར་ངན་སྤེལ་བ་ནི་ཁོ་ཚོར་ལྟ་སྡོམ་བྱེད་མི་ཐུབ་པར་འབྲེལ་བ་ཆེན་པོ་ཡོད་པ་རེད། མ་འགྱངས་བའི་གོང་དུ་དམག་དཔུང་རྩིས་བཤེར་ཧྲུའུ་ཡི་གོ་གནས་སྤར་ནས་ཐད་ཀར་ཀྲུང་དབྱང་དམག་ཨུ་ལ་སྙན་སེང་ཞུས་པ་ནི་སྣང་ཚུལ་ངན་པ་དེ་སེལ་རྒྱུའི་ཆེད་ཡིན་པ་གོར་མ་ཆག  ཀྲུང་དབྱང་དམག་ཨུད་ཀྱིས་ཐད་ཀར་བཀོད་འདོམས་བྱེད་པའི་ལམ་ལུགས་ལ་བརྟེན་ནས་ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སླད་ཡིན་ངེས་རེད།  

  སུའུ་རོང་གི་གྱོད་གཞིའི་ཐད་ནས་རལ་གྲི་གཡུག་ཕྱོགས་ནི་མགོ་ཁྲིད་གཙོ་བོ་དང་དཔོན་ས་ཉོ་ཚོང་ཡིན་པ་རེད། 
  པའེ་ཨེན་ཕེ་ཡི་གྱོད་གཞི་དང་ལྷན་ཏུ་བལྟས་ཚེ་དོན་སྙིང་སྔར་བས་མངོན་གསལ་དོད་པོ་རེད། པའེ་ཨེན་ཕེ་ཡི་གྱོད་དོན་དང་འབྲེལ་རིགས་ནི་ཀྲང་ཐེན་ཞིན་ནམ། ཡང་ན་ཁུང་ཁྲུའེ་ཀྲུའུ། ཧྲེན་ཕེ་ཕིང་བཅས་སུ་ཡིན་རུང་གནད་གཙོ་བོ་ནི་དཔོན་ས་ཉོ་ཚོང་བྱས་པ་དེ་རེད།  གསལ་པོར་བཤད་ན། མཐོ་རིམ་དཔོན་རིགས་ཀྱིས་དཔོན་ཆེན་དག་ལ་གསུག་རྫོང་སྐྱེས་འབུལ་བྱས་ནས་གོ་གནས་འཕར་བར་བརྩོན་པ་དང་། མགོ་ཁྲིད་གཙོ་བོའི་ལག་ཏུ་དབང་ཆ་ཆེན་པོ་ཡོད་པས་མི་དོན་སྤོ་སྒྱུར་ལ་སྟངས་འཛིན་བྱེད་ཐུབ། དེ་གཉིས་ཀྱི་རྟེན་འབྱུང་གི་འབྲེལ་བའི་དབང་གིས་དཔོན་ས་ཉོ་ཚོང་གི་ལོ་རྒྱུས་རང་བཞིན་གྱི་དཀའ་གནད་དེ་བསྐྱེད་པ་རེད། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གིས་ཞིང་ཆེན་མང་པོར་སྐོར་ཞིབ་བྱས་པའི་བསམ་འཆར་ལྟར་ནའང་།  མགོ་ཁྲིད་གཙོ་བོར་ལྟ་སྐུལ་དང་དཔོན་ས་ཉོ་ཚོང་གཞི་གཅིག་ཏུ་བཞག་པ་ནི་དོན་སྙིང་ཧ་ཅང་མངོན་གསལ་དོད་པོ་རེད། 
  སུའུ་རོང་ཡང་དེ་ལྟ་བུ་རེད། གནས་ཚུལ་སྤེལ་བ་གཞིར་བཟུང་ན། ཁོའི་ཆུང་མས་ཐེངས་མང་པོར་ཞི་ཐུའུ་གཏེར་ཁའི་ཁེ་སྤོགས་གཡོ་ལེན་བྱས་པ་དང་། ཅང་ཞི་ཞིང་ཆེན་གྱི་མཐོ་རིམ་མགོ་ཁྲིད་མི་ཉུང་བས་ཁོའི་ཆུང་མར་ལྐོག་རྔན་སྤྲོད་པར་བརྟེན་ནས་སུའུ་ལ་བརྒྱུད་པའི་གསུག་བརྫངས་ཤིང་དེ་ལྟར་སུའུ་ཡི་ཡིད་ཆེས་དང་། གོ་གནས་སྤར་བའི་གོ་སྐབས་ཐོབ་པ་རེད། དཔེ་བཞག་ན། ཅང་ཞི་ཞིང་ཆེན་གྱི་དེ་སྔའི་ཧྲེང་ཀྲང་གཞོན་པ་ཡའོ་མུའུ་ཀེན་དང་། ཅང་ཞི་ཕིང་ཤང་སྐབས་གཉིས་རིང་གི་དེ་སྔའི་ཀྲུང་ཨུད་ཀྱི་ཧྲུའ་ཅི་ཁྲེན་ཨན་ཀྲུང་དང་ཁྲེན་ཝེ་མེང་བཅས་ཚང་མ་སུའུ་རོང་དང་འབྲེལ་བ་ཟབ་པ་ལྟ་བུ་རེད། 

  ལེན་ཅི་ཧྭའི་གྱོད་གཞིའི་ཐད་ནས་དམིགས་ས་ནི་ཚོགས་མཐུན་རིང་ལུགས་ཡིན་པ་ཙམ་དུ་མ་ཟད་དེ་བས་ཀྱང་ཁྱིམ་རྒྱུད་ཀྱི་རུལ་སུངས་རེད། 
  སྐྱེ་བོ་ཕལ་ཆེ་བར་དོ་སྣང་བྱུང་བ་ནི། ལེན་དང་འབྲེལ་བའི་ཚོགས་མཐུན་རིང་ལུགས་དང་མུ་ཁྱུད་རིང་ལུགས་དེ་སྔོན་ཆད་ཀྲོའུ་ཡི་གྱོད་གཞིའི་ཁྲོད་ནས་མངོན་ཡོད། ད་རེས་སླར་ཡང་ཉེན་བརྡ་བརྒྱབ་པ་ཞིག་རེད། དེའི་མི་ཚད་བརྡ་རྟགས་སྔར་བས་གསལ་པོ་ནི་ཁྱིམ་རྒྱུད་ཀྱི་རུལ་སུངས་ལ་དམིགས་པ་དེ་རེད། 
སྲིད་ཚོགས་ཤིག་གིས་ཐག་ཡག་པོར་གཅོད་རྒྱུ་ནི་ཁྱད་འཕགས་སྐྱེ་བོའི་བྱང་ཚད་ཡིན། ཁྱད་འཕགས་སྐྱེ་བོའི་བྱང་ཚད་ཀྱིས་སྲིད་སྐྱོང་ཏང་ཞིག་གི་ཆབ་སྲིད་སྐྱོང་བའི་ཆུ་ཚད་དང་ཐ་ན་སྲིད་སྐྱོང་དུས་ཚོད་ཐག་གཅོད་པ་རེད། 
  བྱང་ཚད་ཐད་བཟང་སྤྱོད་དགོས་ལ་འཇོན་ཐང་ཡང་དགོས། ཞིང་ཆེན་དང་པུའུ་རིམ་པའི་དཔོན་སར་འཛེགས་ཐུབ་པ་ནི་ཕལ་ཆེ་བས་རང་ཉིད་ཀྱི་འཇོན་ཐང་ལ་བརྟེན་ནས་གོ་ས་དེ་རེག་པ་མིན། འོན་ཀྱང་གོ་ས་ནས་ལྷུང་བའི་དཔོན་པོ་ཕལ་ཆེ་བའི་ཀུན་སྤྱོད་ལ་སྐྱོན་ཆ་བྱུང་བ་ཡིན། ཀུན་སྤྱོད་ཅེས་པར་ཆབ་སྲིད་ཀྱི་མི་ཆོས་ཡོད་ལ་རང་སྒེར་གྱི་མི་ཆོས་ཞེས་པའི་དབྱེ་བ་ཡོད། ཆབ་སྲིད་ཀྱི་མི་ཆོས་ཞེས་པ་དེ་ཏང་ནང་ཁུལ་གྱི་སྐད་ཆས་བཤད་ན་ཏང་གཤིས་ཏེ། ཀྲུང་དབྱང་བར་གཅིག་གྱུར་རྒྱུན་འཁྱོངས་ཡིན་མིན་དང་། ཏང་ལ་བློ་དཀར་མིན་སོགས་རེད། རང་སྒེར་གྱི་མི་ཆོས་ནི་དཔོན་ར་ཧྲིལ་པོའི་གནད་དོན་ཆེ་ཤོས་རེད། 
  རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ནི་འཇིགས་ཟིལ་ངོམ་པ་ཙམ་དུ་མ་ཟད་ཆབ་སྲིད་ཀྱི་ཁོར་ཡུག་སྔར་བས་གཙང་བཟོ་བྱ་ཆེད་དེ་བས་ཀྱང་ཡིན། མིང་ཅི་ཧྭ་ཟེར་བའི་ཀུན་སྤྱོད་ལ་འགྱུར་ལྡོག་ཡོད་ཅིང་ཀྲུང་དབྱང་གི་འཆར་གཞིའི་ཐད་འགྱུར་ལྡོག་གང་ཡང་མེད། འདི་ནི་སྐབས་འདིའི་སྲིད་སྐྱོང་ཚོགས་པའི་ལོ་རྒྱུས་ཀྱི་ལས་འགན་ཡང་རེད། དེ་ལ་དོན་སྙིང་གང་ཡོད་དམ་ཞེ་ན། ཆབ་སྲིད་ཀྱི་ཁྱད་འཕགས་སྐྱེ་བོའི་ཁྱིམ་ཚང་གི་མི་ཆོས་བསྐྱར་གསོ་བྱས་ཏེ་ཁོང་ཅག་ལ་རང་ཉིད་ཀྱི་ཁྱིམ་རྒྱུད་ལ་བདག་གཅེས་ཡག་པོ་བྱེད་དུ་འཇུག་དགོས། དེ་ལས་ལྡོག་སྟེ་ཁྱིམ་རྒྱུད་ཀྱི་ཁོངས་མིས་རྒྱལ་ཁབ་ཀྱི་དབང་ཆ་གལ་ཆེན་ལ་བརྟེན་ནས་རྒྱུ་ནོར་གཡོ་ལེན་དང་།  དབང་ཆ་གང་བྱུང་དུ་སྤྱོད་པ་ནི་ཆབ་སྲིད་ཀྱི་ཁོར་ཡུག་བསླད་པའི་རང་གཞན་གཉིས་ཕུང་གི་སྦྱོར་ངན་འབའ་ཞིག་ཡིན་པས་གཏན་འགོག་བྱེད་དགོས། ཚིག་སྒྲོས་བསྒྱུར་ནས་བཤད་ན། འདི་ནི་ལེན་གྱི་གྱོད་གཞི་དེ་དཔོན་ར་ཧྲིལ་པོ་དང་ཐ་ན་སྲིད་སྐྱོང་ཏང་གི་ངོས་ནས་བརྡ་རྟགས་ཆེ་གྲས་ཤིག་ཏུ་གྱུར་ཡོད་པ་རེད། 
  ཀྲོའུ་ཡི་གྱོད་གཞི་བྱུང་རྗེས་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ག་དུས་མཇུག་རྫོགས་ངེས་སམ་ཞེས་དོགས་སློང་བྱེད་མཁན་ཡོད་མོད། ཞུས་ཀྱི་གྱོད་གཞི་དང་ལེན་གྱི་གྱོད་གཞི་གང་ཡིན་རུང་དེ་དག་གིས་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་དེ་སྤྱོད་ཚུལ་འཛུགས་སྐྱོང་དང་འདྲ་བར་ནམ་ཡང་མཚམས་འཇོག་མི་སྲིད་པ་གསལ་པོར་བསྟན། 
  དབེན་པར་གནས་པའི་སྟག་རྒོད་ལྟ་བུ་དང་ཡང་ན་རྒྱལ་ཁམས་འགྲིམས་པའི་འགྲུལ་བ་ལྟ་བུ་སུ་ཡིན་རུང་རྡུང་རྡེག་གཏོང་རིགས་ལ་ལྷོད་གཡེང་གཏན་ནས་མི་བྱེད་པ་དང་། ཞིབ་བཤེར་བྱེད་དགོས་རིགས་ཀྱང་གཏན་ནས་རང་དགར་བསྐྱུར་མི་སྲིད། ཀྲུང་གུང་ལ་ཆོད་སེམས་དེ་མངའ་འོ།།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག