ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

《དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་མགྱོགས་སྐྲུན་གྱི་བསམ་འཆར》དངོས་སུ་པར་འགྲེམས་བྱས།

2015-01-16
  ཟླ ༡ ཚེས ༡༣ ཉིན་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་སྐྲུན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ་བསྡུས་མིང་ལ《བསམ་འཆར》ཞེས་བརྗོད་རྒྱུ)པར་འགྲེམས་བྱས་ནས་དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་སྐྲུན་མགྱོགས་སུ་གཏོང་བ་དང་། གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་ཚད་ལྡན་ཅན་དང་དོ་སྙོམས་ཅན་དུ་འགྱུར་བ་བྱེད་པ། མི་དམངས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་ལེན་བྱེད་རྒྱུ་བཅས་ཀྱི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།
  《བསམ་འཆར》ནང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་སྤྱིའི་བླང་བྱ་གཞིར་བཟུང་དུས་རབས་ཀྱི་འཕེལ་ཕྱོགས་མཚོན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ཀྱི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དང་ཁྲོམ་རའི་དཔལ་འབྱོར་གྱི་བླང་བྱ་དང་འཚམ་པ་དང་། རིག་གནས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་བསྐྲུན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བསམ་བློའི་སྒུལ་ཤུགས་མཁོ་འདོན་དང་རིག་གནས་ཀྱི་འདེགས་སྐྱོར་ཤུགས་ཆེན་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱས་ནས་ཡང་དག་པའི་ཁྲིད་ཕྱོགས་མཐའ་འཁྱོངས་དང“སྲིད་གཞུང་གིས་གཙོ་ཁྲིད་དང་། སྤྱི་ཚོགས་ཞུགས་པ། མཉམ་སྐྲུན་མཉམ་སྤྱོད། སྒྱུར་བཅོས་གསར་གཏོད”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས ༢༠༢༠ ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་པ་དང་། སྟབས་བདེ་ནུས་ཆེ། གཞི་རྩ་འགན་ལེན། འདྲ་མཉམ་ལ་སྐུལ་འདེད་བཅས་དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གཞི་རྩའི་ཆར་བསྐྲུན་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
  《བསམ་འཆར》ནང་སྤྱི་པའི་རིག་གནས་ཞབས་ཞུ་དོ་སྙོམས་འཕེལ་རྒྱས་ཡོང་རྒྱུར་གཅིག་འདོམས་སྐུལ་འདེད་གཏོང་དགོས། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་མཛུབ་ཁྲིད་བྱས་ནས་གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུའི་ཚད་གཞིའི་མ་ལག་སྐྲུན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། གསར་བརྗེའི་གནས་གཞི་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། ས་ཁུལ་དབུལ་པོ་བཅས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ། རྒན་རྒོན་དང་། ན་སོ་དར་ལ་མ་བབས་པའི་མི། དབང་པོ་སྐྱོན་ཅན། ཞིང་པ་ལས་མི། གྲོང་གསེབ་ཀྱི་གཞིས་སྲུང་བུད་མེད་དང་བྱིས་པ་སོགས་དམིགས་བསལ་ཚོགས་སྤྱིས་གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱེད་པ་བཅས་བྱེད་དགོས། སྤྱི་པའི་རིག་གནས་སྒྲིག་ཆས་འཛུགས་སྐྲུན་དང་། དོ་དམ། ཞབས་ཞུ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བཏོན་ཡོད་པ་རེད།
  《བསམ་འཆར》ནང་སྤྱི་པའི་རིག་གནས་ཞབས་ཞུའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་བཏང་ནས་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཁྲོམ་རའི་ལམ་སྲོལ་ནང་འདྲེན་བྱེད་པ་དང་རིག་གནས་འཛད་སྤྱོད་སྐྱེད་སྲིང་དང་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་བསམ་བློའི་རིག་གནས་དགོས་མཁོ་སྣ་ཚོགས་སྐོང་དགོས། སྔར་ལས་ལྷག་པའི་ངང་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་ཏེ་སྤྱི་ཚོགས་ཀྱི་མ་རྩ་སྤྱི་པའི་རིག་གནས་ཁྱབ་ཁོངས་ནང་མ་འཇོག་བྱ་རྒྱུའི་ཡིད་དབང་འགུག་དགོས། སྲིད་གཞུང་གིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ས་ནས་སྤྱི་པའི་རིག་གནས་ཞབས་ཞུ་ཉོ་བའི་ལམ་སྲོལ་བཟོ་བ་དང་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས། རིག་གནས་རིགས་ཀྱི་སྤྱི་ཚོགས་རྩ་འཛུགས་སྐྱེད་སྲིང་དང་ཚད་ལྡན་དུ་བཏང་ནས་རིག་གནས་དང་བླངས་ཞབས་ཞུ་ཁྱབ་སྤེལ་ཤུགས་ཆེན་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
  《བསམ་འཆར》ནང་དོ་དམ་དང་ཞབས་ཞུའི་བྱེད་ཐབས་སྔར་བས་གསར་གཏོད་བྱེད་དགོས་པ་དང་། སྤྱི་པའི་རིག་གནས་ཐོན་རྫས་དང་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས་པ། སྤྱི་པའི་རིག་གནས་ཞབས་ཞུ་དང་ཚན་རྩལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་དེང་རབས་བརྒྱུད་བསྒྲགས་ཀྱི་ནུས་པ་མཐོ་རུ་གཏོང་དགོས་པ། སྤྱི་པའི་རིག་གནས་ཞབས་ཞུའི་གཅིག་འདོམས་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་ཐོན་ཁུངས་བསྡུ་སྒྲིལ་དང་མཉམ་གཏོད་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས་པ། སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་གཞག་ཚན་པར་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་པའི་རིག་གནས་ཞབས་ཞུའི་གདེང་འཇོག་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ། སྤྱི་པའི་རིག་གནས་ཞབས་ཞུའི་ནོར་སྲིད་འགན་སྲུང་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་དགོས་པ། གཞི་རིམ་རིག་གནས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། སྤྱི་པའི་རིག་གནས་ཞབས་ཞུའི་བཅའ་ཁྲིམས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ་བཅས་བཏོན་ཡོད།
  《བསམ་འཆར》དང་མཉམ་དུ་པར་འགྲེམས་བྱས་པའི《རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུའི་མཛུབ་ཁྲིད་ཚད་གཞི》(གཤམ་དུ་བསྡུས་མིང་ལ《མཛུབ་ཁྲིད་ཚད་གཞི》ཞེས་འབོད་རྒྱུ)རིམ་ཁག་སྲིད་གཞུང་གིས་མི་དམངས་མང་ཚོགས་ལ་ཕྱོགས་ནས་བཏོན་པའི་གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུའི་རྣམ་གྲངས་དང་། མཁྲེགས་ཆས་སྒྲིག་ཆས་ཆ་རྐྱེན། མི་སྣ་བཀོད་སྒྲིག་སོགས་ཐད་གཏན་འབེབས་ཁ་གསལ་བྱས་ཡོད། 《མཛུབ་ཁྲིད་ཚད་གཞིའི》རྨང་གཞིའི་ཐོག་ས་གནས་ཁག་གིས་དོན་དངོས་དང་བསྟུན་ཏེ་ས་ཁུལ་དེ་གར་འཚམ་པའི་ལག་བསྟར་ཚད་གཞི་བཟོས་པ་དང་འབྲེལ་འགན་སྲུང་མ་དངུལ་མཁོ་འདོན་བྱས་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས《བསམ་འཆར》དང《མཛུབ་ཁྲིད་ཚད་གཞི》དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག