ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “བོད་རྒྱ་ཡིག་སྒྱུར་གྱི་མཉེན་ཆས་ཤིག་ཨེ་ཡོད། འོས་སྦྱོར་ཞིག་གནང་རོགས། རེམ”དྲ་གྲོགས@gelek གྱི་དྲ་ངོས་སུ་སྔོན་འདི་འདྲའི་རོགས་སྐྱོར་ཡི་གེ་ཞིག་འགོད་མྱོང་མོད། གནད་དོན་འདི ༢༠༡༤ ལོའི་བར་དུ་ལན་བསློགས་ཡོད་པ་མ་རེད། ཡིན་ནའང་བོད་ལྗོངས་སློབ་ཆེན་དེང་རབས་སློབ་གསོ་ལག་རྩལ་ལྟེ་གནས་ཀྱི་ཀྲུའུ་རེན་ཉི་མ་བཀྲ་ཤིས་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན་གནད་དོན་འདི་མི་འགྱངས་པར་ཐག་གཅོད་ཐུབ་ཀྱི་རེད། “ང་རང་ཚོའི་ཉི་འོད་བོད་རྒྱ་འཕྲུལ་འཁོར་ཡིག་སྒྱུར་མ་ལག་ད་ལོར་དྲ་དམངས་དང་མཇལ་ཡོང་གི་རེད། དུས་དེར་ཡིག་སྒྱུར་བྱེད་མཁན་དྲ་གྲོགས་ལ་སྟབས་བདེ་མང་པོ་བཟོ་གི་རེད། ལས་ཆོད ༨༠%གྲོན་གྱི་རེད”ཁོས་དེ་ལྟར་བརྗོད།
ཉི་འོད་བོད་རྒྱ་ཡིག་སྒྱུར་མ་ལག་གི་འཆར་ངོས།
བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་ཐིང་གིས་ངོ་སྤྲོད་གནང་དོན། ༢༠༡༢ ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཚན་ཞིབ་ལས་གཞི་གནད་ཆེན《ཚིག་ཐུང་གཞིར་བྱས་པའི་བོད་རྒྱ་སྡོམ་རྩིས་འཕྲུལ་འཁོར་ཡིག་སྒྱུར་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག》གི་མཚོན་བྱེད་རང་བཞིན་ཡོད་པའི་ཞིབ་འཇུག་འབྲས་བུ་ཐོན་པ་ནི། 《ཉི་འོད་བོད་རྒྱ་འཕྲུལ་འཁོར་ཡིག་སྒྱུར་མ་ལག》དངོས་སུ་སྤྱོད་ཐུབ་པ་དེ་ག་ཡིན་ལ། ལས་གཞི་འདིའི་ནང་དུ་བོད་ཡིག་གི་ཐ་སྙད་རང་དབྱེ་དང་དེའི་ངོ་བོ་མཆན་འགོད། བོད་སྐད་ཀྱི་སྐད་མཛོད། ཚིག་ཐུང་གཞིར་བྱས་པའི་བོད་རྒྱ་སྡོམ་རྩིས་འཕྲུལ་ཆས་ཡིག་སྒྱུར་སོགས་ཁྱབ་ཁོངས་མི་འདྲ་བར་ཟབ་འཇུག་བྱས་ཡོད་ཅིང་། ལོ ༣ གྱི་དུས་ཚོད་སྤྱད་ཡོད།
བོད་རྒྱ་དྲ་ཐོག་ཡིག་སྒྱུར་མ་ལག་འདིའི་ཁ་ཕྱེ་ནས་བོད་ཡིག་དུམ་བུ་ཞིག་གཏགས་པ་ན། ལམ་སེང་དེའི་རྒྱ་ཡིག་གི་འགྱུར་ཡིག་ཐོན་ཡོང་ལ་དག་མ་ཡིན་ཚད་ཀྱང་ཅུང་མཐོ། བཀྲ་ཤིས་ཉི་མས་ངོ་སྤྲོད་གནང་དོན། “ཉི་འོད་བོད་ཡིག་ཐ་སྙད་རང་དབྱེའི་མ་ལག”གིས་སྐར་ཆ་རེའི་ནང་ཐ་སྙད ༡༠༠༠ དབྱེ་བའི་མགྱོགས་ཚད་ལ་ཐོན་ཡོད་ཅིང་། བོད་ཡིག་དེང་རབས་གཞུང་ཡིག་གི་ཐ་སྙད་དག་ཚད ༩༥% ལ་སླེབས་ཡོད་པ་རེད། “ལག་རྩལ་ཞིབ་འཇུག་གི་གོ་རིམ་དུ་ང་ཚོས་བོད་ཡིག་གི་ཐ་སྙད་དབྱེ་བ་དང་བོད་རྒྱ་ཡིག་སྒྱུར་ཏེ་དཀའ་ཁག་གཉིས་ལ་གདོང་གཏད་ཡོད་པ་རེད། ད་ལྟ་ང་ཚོས་བོད་ཡིག་སྐད་མཛོད་དང་ཡིག་སྒྱུར་ལག་རྩལ་མུ་མཐུད་ནས་གྲ་ཇེ་རྒྱས་སུ་གཏོང་གི་ཡོད” ཉི་མ་བཀྲ་ཤིས་ཀྱིས་བལྟས་ན། མ་ལག་འདི་ད་དུང་ཕྲུ་གུ་སྐད་ཆ་ཤོད་མ་ཤོད་དེ་འདྲ་ཞིག་ཡིན་པས། དེ་ལ་ཁྱབ་ཁོངས་དང་ལས་རིགས་སོ་སོའི་ཤེས་བྱ་སྣ་ཚོགས་ཁྲིད་དགོས་ཀྱི་ཡོད་ལ། དེ་རྗེས་གཞི་ནས་ཚིག་ཡག་པོ་ཐོན་ཡོང་གི་ཡོད་པ་རེད།
ཞིབ་འཇུག་ཚོ་ཆུང་ལས་ཀར་བྲེལ་ཟིང་ཚ་ཚུལ།
སྐད་རྒྱུའི་མཛོད་ཇེ་རྒྱས་སུ་གཏོང་ཆེད་བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་དཔུང་སྡེས་དྲ་བའམ། སྨྱན་བྱེད། ཡང་ན་དཔེ་དེབ་སོགས་ཀྱི་ཆ་འཕྲིན་ཁག་བཙལ་ཏེ་བསྒྱུར་བའམ་འབྲི་བ། བཅའ་བ་སོགས་བྱས་ཏེMB༣༠༠ ཡོད་པའི་བོད་ཡིག་གི་སྤྱི་སྤྱོད་སྐད་མཛོད་འཛུགས་ཐུབ་པ་བྱུང་ལ། དེ་གར་བོད་སྐད་སྦྱོང་བརྡར་སྐད་རྒྱུMB༡༠ དང་བོད་རྒྱ་སྐད་གཉིས་ཀྱི་ཐ་སྙད་ཤན་སྦྱར་གྱི་སྐད་རྒྱུ་ཚིག་འབུམ ༣ སོགས་ཡོད་པ་རེད།
ལོ་ངོ ༡༣༠༠ ལྷག་གི་ལོ་རྒྱུས་ལྡན་པར་བཤད་པའི་བོད་ཡིག་དེ་འཛམ་གླིང་གི་གནའ་བོའི་ཡི་གེའི་གྲས་སུ་གཏོགས་ཤིང་། བོད་རིགས་མང་ཚོགས་འབྲེལ་འདྲིས་བྱེད་སྤྱད་ཀྱི་ལག་ཆ་ཡིན། རྩིས་འཕྲུལ་དང་ཆ་འཕྲིན་ལག་རྩལ་འཛམ་གླིང་ཡོངས་སུ་དར་བ་དང་བསྟུན་ནས། རྩིས་འཕྲུལ་དང་འགུལ་ལྡན་ཁ་པར། དྲ་རྒྱ་སོགས་བོད་ཁུལ་དུའང་སྤྱོད་རྒྱ་ཆེ་རུ་སོང་ཞིང་། བོད་ཡིག་ཆ་འཕྲིན་དེ་ཐག་མི་གཅོད་ཐབས་མེད་ཡིན་པའི་གནད་དོན་ཞིག་ཆགས་ཡོད།
“བོད་ཡིག་ཆ་འཕྲིན་ཅན་ལའང་ཉེ་བའི་ལོ ༢༠ རིང་གཟོད་སྣང་ཚུལ་གསར་པ་བྱུང་། སྟབས་བདེ་བའི་གཏགས་ཐབས་སྣ་ཚོགས་ནས་ཚད་གཞི་སྣ་ཚོགས་གཏན་འབེབས་བྱས་པ་དང་། ཡང་ཡི་གེ་ཐག་བཅད་རྗེས་ཐ་སྙད། ཚིག་སོགས་ཐག་གཅོད་རྒྱུ་དེའང་སྤྱི་ཚོགས་ཀྱི་དགོས་མཁོའི་མཚོན་ཚུལ་ཞིག་དང་ལག་རྩལ་འཕེལ་རྒྱས་ཕྱིན་པའི་དངོས་འབྲས་རེད” ལོ ༢༠ རིང་། ཉི་མ་བཀྲ་ཤིས་ཀྱིས་བོད་ལྗོངས་ཀྱི་བོད་ཡིག་ཆ་འཕྲིན་ཅན་ཞིབ་འཇུག་དཔུང་སྡེའི་སྣེ་ཁྲིད་དེ། རིམ་པ་བཞིན་བོད་ཡིག་གི་རྒྱལ་སྤྱིའི་ཚད་གཞི་དང་རྒྱལ་ཁབ་ཚད་གཞི་བཟོས་པ་དང་། བོད་ཡིག་རྩིས་འཕྲུལ་གྱི་སྟེགས་བུ་དང་བོད་ཡིག་རྩིས་འཕྲུལ་གཞུང་ལས་མཉེན་ཆས་ཁ་ཚང་དང་། བོད་ཡིག་འགུལ་ལྡན་ཁ་པར། བོད་ཡིག་འཕྲིན་ཐུང་སྤེལ་གཏོང་སྟེགས་བུ། བོད་རྒྱ་སྐད་གཉིས་རྒྱང་སྦྲེལ་སློབ་གསོའི་མ་ལག་སོགས་རྒྱལ་ནང་གི་སྟོང་ཆ་གསབ་པའི་ཆ་འཕྲིན་ཐོན་རྫས་རབ་དང་རིམ་པ་བཟོས་ནས་བཏོན་པ་རེད།
ཞིབ་འཇུག་ཚོ་ཆུང་གི་འགན་ཁུར་བ་གཡུ་མཚོ་ད་དུང་ལས་ཀར་བྲེལ་བཞིན་འདུག “ལས་གཞི་འདི་ཚོ་ཆུང་གི་མི ༣༠ ལྷག་གིས་དུས་ཚོད་ལོ ༣ ཉེ་བ་སྤྱད་ནས་ལས་ཀ་འཕར་མ་བྱས་ཏེ་བཟོས་པ་རེད། ད་ལྟ་ད་དུང་ཡང་ཤུགས་རྒྱག་གི་ཡོད་ལ། དག་ཚད་སྔར་ལས་མཐོ་བ། སློབ་སྦྱོང་གི་ཐེངས་གྲངས་ཀྱང་མུ་མཐུད་ཁ་སྣོན་གྱི་ཡོད” གཡུ་མཚོས་ངོ་སྤྲོད་བྱས་པ་ལྟར་ན། བོད་ཡིག་ཐ་སྙད་རང་དབྱེ་དང་དེའི་ངོ་བོ་གཞོགས་འདེགས་བྱ་ཆེད། ལས་གཞི་འདིས《ཆ་འཕྲིན་སྒྲིག་གཅོད་ཀྱི་བོད་ཡིག་གི་མིང་གི་ངོ་བོའི་དབྱེ་བའི་ཚད་གཞི》བཟོ་བཅོས་འཐུས་ཚང་བཏང་སྟེ་བོད་ཡིག་ཐ་སྙད་དབྱེ་བ་དང་། མཆན་འདོགས་དག་ཚད། བོད་རྒྱའི་འཕྲུལ་འཁོར་ཡིག་སྒྱུར་གྱི་དགོས་མཁོ་དངོས་དང་འཚམ་པོ་བཟོས་པ་རེད། ཞིབ་འཇུག་དཔུང་སྡེ་འདིས་ད་དུང་བོད་ཡིག་ཐ་སྙད་རང་དབྱེ་དང་མཆན་འདོགས་ལ་གཞོགས་འདེགས་བྱེད་པའི་བོད་ཡིག་གློག་རྡུལ་མིང་མཛོད་བཟོས་ཡོད་ཅིང་། དེ་གར་ཐ་སྙད ༡༠ ཡོད་པའི《འཕྲུལ་ཀློག་མིང་མཛོད》དང《མིས་ཀློག་མིང་མཛོད》གཉིས་འདུས།
“ད་ལྟ་གཞུང་ཡིག་གི་ཁྱབ་ཁོངས་ནས་འཕྲུལ་ཆས་འདིའི་དག་ཚད་མཐོན་པོ་འདུག ཕྱིན་ཆད་ངེད་ཅག་གིས་རྩོམ་རིག་དང་ཆོས་ལུགས་ཁྱབ་ཁོངས་སུའང་རྒྱ་ཆེན་པོ་བཟོས་ཏེ་འཐུས་ཚང་དུ་གཏོང་རྒྱུ་ཡིན། ང་ཚོའི་བསམ་བློ་འདྲ་པོ་ཡུལ་སྐོར་བ་ཞིག་བོད་ལ་སླེབས་པ་ཡིན་ན། རང་ཉིད་སྤྲོ་བ་ཡོད་པའི་བོད་ཡིག་ཅིག་མཐོང་དུས། ལམ་སེང་ཁ་པརAPPཡིག་སྒྱུར་མཉེན་ཆས་ཀྱི་ཁ་ཕྱེས་ནས་བཙལ་ན་བོད་ཡིག་གི་དོན་ཅི་ཡིན་པ་ཤེས་སུ་འཇུག་འདོད་པ་དེ་ཡིན”ཉི་མ་བཀྲ་ཤིས་ཀྱིས་ཁོ་རང་གིས་སྣེ་ཁྲིད་པའི་དཔུང་སྡེས་བཟོས་པའི་བོད་ཡིག་ཆ་འཕྲིན་ཅན་གྱི་མཉེན་ཆས་ཡོད་དོ་ཅོག་ལ“ཉི་འོད”ཅེས་བཏགས་ཡོད་དེ། མི་རྣམས་ལ་དྲོད་ཁོལ་དང་ཞབས་ཞུ་བྱེད་པའི་དོན་ཡིན་ནོ། །(རྩོམ་འགན་པ། རྟ་མགྲིན)