ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཟབ་སྦྱོང་བསླབ་དེབ་ཕྲེང་བསྟར་མའི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་བསྡུས།

2015-03-16 ཟླ་བ།
  ཟླ ༣ པའི་ཚེས ༡༥ ཉིན་གྱི་ཕྱི་དྲོར། ཀན་སུའུ་ཁྲིམས་སྲིད་སྡེ་ཁག་གི་བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཟབ་སྦྱོང་གི་བསླབ་དེབ་ཕྲེང་བསྟར་མའི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་པེ་ཅིང་གི་མི་རིགས་རིག་གནས་ཕོ་བྲང་དུ་བསྡུས་པ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་དབུ་འཛིན་ཀྲོའུ་ཆང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་རྒྱལ་ཁབ་མི་རིགས་དོན་གཅོད་ལྷན་ཁང་གི་ཀྲུའུ་རེན་ཝང་ཀྲིན་ཝེ་སོགས་ཚོགས་འདུར་ཞུགས་པ་རེད།
  བསླབ་དེབ་ཕྲེང་བསྟར་མ་འདི་རུ《རྩ་ཁྲིམས་བསླབ་དེབ》《ཉེས་ཁྲིམས་བསླབ་དེབ》《དམངས་ཁྲིམས་བསླབ་དེབ》སོགས་བསླབ་དེབ ༡༠ འདུས་ཡོད་པ་དང་། དེ་ནི་ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ནུབ་བྱང་མི་རིགས་སློབ་ཆེན་དང་ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན་སོགས་ཞིང་ཆེན་ནང་ཁུལ་མཐོ་སློབ་ཁག་གི་སྟོབས་ཤུགས་ལ་བརྟེན་ནས། ཁྲིམས་ལུགས་ཀྱི་བློ་སྦྱོང་ཅུང་མཐོ་ཞིང་བོད་རྒྱ་སྐད་གཉིས་ལ་བྱང་ཆ་ལྡན་པའི་ཆེད་མཁས་སྐོར་ཞིག་རྩ་འཛུགས་བྱས་ཏེ་ལོ་གཅིག་རིང་འབད་བརྩོན་བྱས་མཐར་གྲུབ་པ་ཡིན་ལ། མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པ་རེད།
  ཀྲོའུ་ཆང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཚབ་མཛད་ནས་ཟབ་སྦྱོང་བསླབ་དེབ་དཔེ་སྐྲུན་ལ་རྟེན་འབྲེལ་ཞུས་པ་དང་། བསླབ་དེབ་འདི་གས་ད་ལྟ་བོད་ཁུལ་གྱི་ཁྲིམས་སྲིད་ལས་བྱེད་པར“སྐད་གཉིས”ཟབ་སྦྱོང་བསླབ་གཞི་མེད་པའི་སྟོང་ཆ་བསྐངས་པ་མ་ཟད། མི་རིགས་ཁྲིམས་དཔོན་གསོ་སྐྱོང་དང་བོད་ཁུལ་ཁྲིམས་ཁང་གི་ཁྲིམས་འཛིན་ཆུ་ཚད་ཇེ་མཐོ། བོད་ཁུལ་མང་ཚོགས་ཀྱིས་མི་རིགས་རང་གི་སྐད་ཡིག་སྤྱད་ནས་གཏུག་བཤེར་བྱེད་པའི་ཁེ་དབང་ལ་ཁག་ཐེག་བྱེད་པའི་ཕྱོགས་བཅས་ལ་ནུས་པ་འགངས་ཆེན་ལྡན་ཡོད་ལ། ལས་ཀ་འདི་རྒྱལ་ཡོངས་ཁྲིམས་ཁང་ཙམ་དུ་མ་ཟད་རྒྱལ་ཡོངས་ཁྲིམས་སྲིད་སྡེ་ཁག་ཏུ་མི་རིགས་གྲངས་ཉུང་གི་ཁྲིམས་ལུགས་མི་སྣའི་དཔུང་སྡེ་འཛུགས་སྐྱོང་ཐད་ཉམས་མྱོང་གསར་པ་ཞིག་རེད་ཟེར། ཝང་ཀྲིན་ཝེ་ཡིས་བརྗོད་དོན། སྐད་གཉིས་བཅའ་ཁྲིམས་ཟབ་སྦྱོང་དང་སྐད་གཉིས་ཁྲིམས་ལུགས་མི་སྣ་གསོ་སྐྱོང་། སྐད་གཉིས་ཁྲིམས་ལུགས་བསླབ་གཞི་དཔེ་སྐྲུན་བྱེད་པ་འདི་ཀན་སུའུ་ཞིང་ཆེན་ཙམ་དུ་མ་ཟད་རྒྱལ་ཡོངས་ཀྱི་མི་རིགས་ས་ཁུལ་གཞན་དག་གི་དངོས་ཡོད་དང་མཐུན་ལ། མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་གོང་དུ་འཕེལ་བར་དོན་སྙིང་ཆེན་པོ་ལྡན། “བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཟབ་སྦྱོང་བསླབ་གཞི”སྒྲིག་བསྒྱུར་དཔེ་སྐྲུན་བྱས་པ་འདི་མི་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་མཚོན་ན་གོམ་པ་ཆུང་ཆུང་ཞིག་སྤོས་པ་ཙམ་ཞིག་ཡིན་མོད། དེའི་ཤུགས་རྐྱེན་རྒྱ་ཆེ་སྟེ། ཁྲིམས་འཛིན་ལས་ཆོད་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་མི་རིགས་ས་ཁུལ་ནས་ལག་ལེན་ཡང་དག་ཏུ་འདེབས་པར་མཐུན་རྐྱེན་ལེགས་པོ་བཟོས་ཡོད། འདི་དཔེ་སྐྲུན་བྱས་པ་འདི་བྱས་རྗེས་དེང་སང་དང་ཕན་འབྲས་ཕུགས་སུ་ཆེ་སྟེ། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་དུ་འདེབས་པའི་མཚོན་ཚུལ་ཞིག་ཀྱང་རེད།
  ཀན་སུའུ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ལྷན་ཁང་གི་ཀྲུའུ་རེན་ཝང་སན་ཡོན་གྱིས་གཏམ་བཤད་དུ། ཟབ་སྦྱོང་བསླབ་དེབ་སྐོར་འདི་ཁྲིམས་སྲིད་སྡེ་ཁག་གི་ལས་བྱེད་དཔུང་སྡེ་འཛུགས་པ་དང་ཀན་སུའུ་ཞི་འཇགས་ངང་ཡར་རྒྱས། ཁྲིམས་སྐྱོང་ཀན་སུའུ་འཛུགས་པར་སྔར་ལས་ལྷག་པའི་ཤུགས་རྒྱག་པར་དོན་སྙིང་ཆེ་ལ། མི་རིགས་ས་ཁུལ་གྱི་ཁྲིམས་སྲིད་སྡེ་ཁག་གི་སྐད་གཉིས་ཟབ་སྦྱོང་དང་། མི་རིགས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་པར་སྐུལ་འདེད་བྱེད་པར་ཐེ་ཚོམ་མེད་ཟེར།
  བཞུགས་མོལ་ཚོགས་འདུ་རུ། ཚོགས་བཞུགས་དབུ་ཁྲིད་དག་གིས་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་ལྗོངས་ཞིང་ཁག་གི་ཁྲིམས་ཁང་འཐུས་མི་དང་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་གི་འཐུས་ཚབ་ལ་བསླབ་གཞི་ཕུལ་བ་རེད། རྒྱལ་ཁབ་མི་རིགས་དོན་གཅོད་ཁང་གི་ཀྲུའུ་རེན་གཞོན་པ་དོན་གྲུབ་དབང་འབུམ་གྱིས་ཚོགས་འདུར་དབུ་འཛིན་མཛད་ཅིང་། རྒྱལ་ཡོངས་ཀྱི་གཞི་རིམ་ཁྲིམས་དཔོན་ཡག་ཤོས་དང ༢༠༡༤ ལོར་ཀན་སུའུ“སེམས་སྒུལ་མཁན”། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཚེ་རིང་དབང་རྒྱལ། བོད་རིག་པའི་ཞིབ་འཇུག་མཁས་པ་དང་། ཁྲིམས་རིག་པའི་ཆེད་མཁས་སོགས་ཁྱོན་མི ༡༠༠ ལྷག་ཚོགས་འདུར་ཞུགས།(རྩོམ་འགན། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག