ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལོ་ཧོས་ཉིན་གྱིས་མཚོ་སྔོན་གྱི་སྣུམ་གཏེར་བྱ་བར་རྟོག་ཞིབ་བྱས།

2015-05-01

ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་སུམ་ཅུའི་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་ཀྲུང་གོ་རྡོ་སྣུམ་མཚོ་སྔོན་སྣུམ་གཏེར་ཡན་ལག་ཀུང་ཟིར་སོང་ནས། ལས་བཟོ་བ་ཁྲི་སྟོང་མང་པོས་ཁེ་ལས་ཀྱི་ངོས་ནས་ཞབས་འདེགས་ཞུ་བའི་ལས་འགུལ་ཁྲོད་ཞུགས་ཏེ། ཐོན་སྐྱེད་ཀྱི་ལས་རྐང་ན་བསྡད་ཡོད་པའི་ལས་བཟོ་བ་ཡོངས་ལ་འཛམས་འདྲི་ཞུས་པ་མ་ཟད། ད་དུང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་བཟོ་བ་རྣམས་ལ་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི་རྟེན་འབྲེལ་ཞུས།

ཚེས་ཉེར་དགུ་ཉིན་གྱི་ཞོགས་པར། ལོ་ཧོས་ཉིན་གྱིས་གངས་རི་དང་ཁངས་ལམ་རྡོག་པས་བརྫི་བཞིན། མིག་སྔའི་རང་རྒྱལ་སྐམ་སའི་སྟེང་གི་སྣུམ་གཏེར་རྟེན་གཞི་གཙོ་བོ་ཏུང་ཕིན་སྣུམ་གཏེར་ལ་རྟོག་ཞིབ་དུ་སོང་། སྔོ་རྩྭ་འབུས་པ་མི་མཐོང་ལ་བྱ་རིགས་འཕུར་དཀའ་བའི་བྱེ་ཐང་སྟེང་དུས་ཚོད་ལྔ་ཙམ་ལ་སོང་རྗེས། གཞི་ནས་ཏུང་ཕིན་སྣུམ་འདོན་ཁྲོན་པ་དང་པོའི་སར་བསླེབས། ལོ་ཧོས་ཉིན་གྱིས་སྣུམ་གཏེར་རྟེན་གཞིའི་ལས་བཟོ་བ་ཡོངས་ལ་ལག་འཇུ་བྱས་ཏེ། ཁོ་ཚོར་བླ་མེད་ཀྱི་གུས་སེམས་དང་དུས་ཆེན་ལ་སྨོན་འདུན་ཞུས་པའི་འདོད་བློ་བསྟན། ཁེ་ལས་འབྲེལ་ཡོད་འགན་ཁུར་མི་སྣའི་མཚམས་སྦྱོར་བྱས་ནས་བཤད་རྒྱུར། སྣུམ་གཏེར་སྔོག་འདོན་བྱ་བར་སྔོན་ཐོན་གྱི་སྒྲིག་ཆས་དང་སྔོན་ཐོན་ལག་རྩལ་བཀོལ་ནས་སྔོག་འདོན་བྱེད་ཀྱིན་ཡོད་པས། དེས་སྣུམ་གཏེར་གྱི་ཁྲོན་པ་རེ་རེའི་ཐོན་འབབ་ཆེས་མཐོ་སར་བསྐྱལ་ཡོད་ལ། མིག་སྔར། སྣུམ་གཏེར་རང་བྱུང་སོལ་རླངས་ཀྱི་སྤུས་ཀ་རྒྱལ་ཡོངས་ཀྱི་མདུན་གྲས་ན་ཡོད་ཟེར། ལོ་ཧོས་ཉིན་གྱིས་མཚམས་སྦྱོར་ལ་ཉན་རྗེས་སྤྲོ་བ་འབུམ་གྱིས་མྱོས་པའི་སྒོ་ནས་བསྟན་དོན། ཏུང་ཕིན་སྣུམ་གཏེར་གྱི་གསར་རྙེད་ནི་སྣུམ་རླངས་རྩད་ཞིབ་གཞུང་ལུགས་དང་སྔོག་འདོན་ལག་ལེན་སྐོར་གྱི་ཐོད་བརྒལ་ཆེན་པོ་ཞིག་ཡིན་པ་དང་། ཁེ་ལས་ཀྱིས་གསར་སྐྲུན་ཡར་སྐུལ་གྱི་ཐབས་ཇུས་ལག་བསྟར་དངོས་འབེབས་བྱས་ཏེ། ཁེ་ལས་ཀྱི་རིམ་སྤོར་ཅན་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས་ཟེར།

དེའི་རྗེས་ལོ་ཧོས་ཉིན་ཞིག་གསོ་རུ་ཁག་གི་ལས་བཟོ་བ་རྣམས་ལ་འཚམས་འདྲིར་སོང་། ས་རྡུལ་རྒྱུན་པར་གཡུགས་ནས་ལས་བཟོ་བ་རྣམས་ཀྱི་ངོ་གདོང་དང་ལུས་སྟེང་ས་རྡུལ་གྱིས་བཀང་ཡོད་ཀྱང་། ཁོ་ཚོ་སྔར་བཞིན་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་འདུག ལོ་ཧོས་ཉིན་ལས་བཟོ་བ་ཚོའི་གྲལ་དུ་སོང་ནས། སྙིང་ཉེ་བའི་ངང་བཤད་རྒྱུར། གནས་འདིའི་རང་བྱུང་ས་བབ་ཀྱི་ཆ་རྐྱེན་ཞན་ནའང་། ཁྱོད་ཚོའི་གཞོམ་མེད་ཀྱི་འདུ་ཤེས་ནམ་ཡང་ཉམ་མི་ཉན་ཟེར།

དུས་ཡུན་ཉིན་གསུམ་གྱི་རིང་དུ། ལོ་ཧོས་ཉིན་འགྲོ་རོགས་དང་མཉམ་དུ་ཞིང་ཆེན་ཐད་གཏོགས་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་མི་སྣའི་གམ་ལ་སོང་ནས། སྣུམ་གཏེར་སྔོག་འདོན་འཛུགས་སྐྲུན་སྐོར་གྱི་ཞིབ་ཕྲའི་གནད་དོན་དང་ཁེ་ལས་སྤེལ་བའི་གནས་བབ་སྐོར་ནས་རྒྱུས་ལོན་བྱས། ཁོས་ནན་གྱིས་བསྟན་དོན། ས་གནས་ཏང་ཨུ་དང་སྲིད་གཞུང་གིས་ཞབས་ཞུའི་འདུ་ཤེས་སྔར་ལས་ཇེ་བརྟན་ལ་གཏོང་དགོས་པ་དང་། རང་རྟོགས་རང་འགུལ་སྒོས་ཁེ་ལས་བྱ་བ་གོང་འཕེལ་ལ་གནོད་པའི་གེགས་འཕྲལ་སེལ་བྱ་དགོས་ཟེར། རྟོག་ཞིབ་བྱེད་སྐབས་ལོ་ཧོས་ཉིན་གྱིས་ས་གནས་སོ་སོའི་གཟབ་ནན་གསུམ་དང་དངོས་གཉེར་གསུམ་གྱི་ཆེད་དོན་སློབ་གསོའི་བྱ་འགུལ་སྤེལ་བར་རྟོག་ཞིབ་ནན་མོ་བྱས།

འབྲེལ་ཡོད་རྩོམ་ཡིག