ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བལ་བོའི་སྤྱི་བའི་སྒྲིག་ཆས་ལོ་ངོ་གཉིས་རང་བསྐྱར་འཛུགས་བྱེད་ཐུབ།

2015-05-11

ཟླ ༥ པའི་ཚེས ༧ ཉིན། བལ་བོའི“4•25”ས་ཡོམ་གོད་ཆག་བྱུང་ནས་ཉིན ༡༣ འདས་རིང་། ས་ཡོམ་གོད་ཆག་ཁྲོད་མི་གྲངས ༨༠༠༠ ལ་ཉེ་བ་རྐྱེན་ལམ་དུ་ཤོར་འདུག བལ་བོའི་སྲོལ་རྒྱུན་ལྟར་ན། གང་ཞིག་རྐྱེན་ལམ་དུ་ཤོར་ནས་ཉིན ༡༣ ལོན་ཚེ་ད་གཟོད་རྣམ་ཤེས་ཕུང་བོ་ལས་གྱེས་པར་ངོས་འཛིན་བྱེད་པ་དང་། རྒྱལ་ས་ཀ་ཏུ་མན་རྡུར་མི་མང་གིས་མེ་ཏོག་མཆོད་རྫས་ཁྱེར་ཏེ་དགོན་པ་དང་རྡིབ་ཤུལ་གྱི་ཡུལ་དངོས་ནས་འདས་པོ་རྣམས་ལ་གདུང་སེམས་མཉམ་སྐྱེ་བྱེད་པ་དང་། ཉིན་དེར། མི་གྲངས་བརྒྱ་ཕྲག་དུ་མ་ཏུའུ་པ་ཐང་ཆེན་དུ་མཉམ་འདུས་སྒོས་འདས་པོ་དག་ལ་མྱ་ངན་ཞུ་གི་འདུག

ཀྲུང་གོའི་གསར་འགྱུར་དྲ་བའི་ཟླ ༥ པའི་ཚེས ༡༠ ཉིན་གྱི་འཕྲིན་དུ། ཕྱི་ཕྱོགས་གསར་ལམ་གྱིས་ཚེས ༡༠ ཉིན་བཀོད་པ་ལྟར་ན། བལ་བོའི་སྲིད་བློན་ཁུ་ཡི་ལཱ་ར་ཡིས། ཟླ་སྔོན་མའི་ཚད་རིམ ༨ ཀྱི་ས་ཡོམ་ཁྲོད་གནོད་སྐྱོན་ཐེབས་པའི་སྤྱི་བའི་འཛུགས་བསྐྲུན་དང་། སློབ་གྲྭ། རྨང་གཞིའི་སྒྲིག་ཆས་ཡོད་ཚད་བསྐྱར་འཛུགས་བྱེད་རྒྱུ་དང་། ཕྱིས་འབྱུང་ལོ་ངོ་གཉིས་རིང་ཁྱིམ་གཞིས་བསྐྱར་འཛུགས་ལེགས་འགྲུབ་བྱུང་ཐུབ་པ་ཁས་ལེན་བྱས་འདུག

ཁུ་ཡི་ལཱ་ར་ཡིས་གྲོས་ཚོགས་ལ་གཏམ་བཤད་སྤེལ་དུས། “སྲིད་གཞུང་གི་ངོས་ནས་ཕྱིས་འབྱུང་ལོ་ངོ་གཉིས་རིང་གནོད་སྐྱོན་ཐེབས་པའི་སྤྱི་བའི་འཛུགས་བསྐྲུན་དང་། གཞུང་ལམ། སློབ་གྲྭ། སྨན་ཁང་། གློག་འཕྲིན་སྒྲིག་ཆས། གློག་གཏོང་ས་ཚིགས་སོགས་བསྐྱར་འཛུགས་བྱེད་རྒྱུ་ཡིན་པ་དང་།”ཆོས་ལུགས་དང་། ལོ་རྒྱུས་འཛུགས་བསྐྲུན་སོགས་ནི་ལོ་ངོ་ལྔའི་རིང་བསྐྱར་འཛུགས་བྱེད་ཐུབ་ཅེས་བརྗོད་འདུག

ཁུ་ཡི་ལཱ་ར་ཡིས་སྲིད་གཞུང་གིས་མི་སྒེར་གཞིས་ཁྱིམ་བསྐྱར་འཛུགས་ཐད་ཨ་སྒོར་དུང་ཕྱུར༢.༥ཡི་དངུལ་བུན་མཁོ་འདོན་གནང་རྒྱུ་དང་། དེའི་སྐྱེད་ཀའི་ཚད་ནི་བརྒྱ་ཆའི་གཉིས་ཟེར།

ཟླ་སྔོན་མའི་ཚེས ༢༥ ཉིན་གྱི་ས་ཡོམ་གོད་ཆག་གིས་མ་མཐའ་ཡང་མི་གྲངས ༧༩༠༣ གྱི་ཚེ་སྲོག་ཤོར་ཡོད་པ་དང་།མི་གྲངས ༡༨༠༠༠ ལ་ཉེ་བར་རྨས་སྐྱོན་ཕོག་པ། འཛུགས་བསྐྲུན་ཁྲི ༥༤ ལྷག་ལ་གས་སྐྱོན་བྱུང་འདུག

བལ་བོའི་སྲིད་གཞུང་གིས། ལས་རིམ་དང་པོའི་བསྐྱར་འཛུགས་ལས་སྒོ་ཁག་ལ་ཨ་སྒོར་དུང་ཕྱུར ༢༠ ལྷག་གཏོང་རྒྱུ་དང་། སྲིད་གཞུང་གིས་ཨ་སྒོར་དུང་ཕྱུར ༢ ལས་རིམ་འདིའི་ཐད་དུ་བཏང་ཚར་འདུག བལ་བོའི་གཞུང་ཕྱོགས་ནས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་དང་། རོགས་སྐྱོར་སྡེ་ཚན། བལ་བའི་རྒྱལ་དམངས་དག་གིས་ཞལ་འདེབས་ཕུལ་བའི་རེ་འབོད་བརྒྱབ་འདུག

ཁུ་ཡི་ལཱ་ར་ཡིས། ས་ཡོམ་གྱི་གྱོང་གུད་ཐག་ཆོད་བྱུང་རྗེས། སྲིད་གཞུང་གིས་བསྐྱར་འཛུགས་ཀྱི་འགྲོ་སོང་ཡོངས་ལ་སྔོན་དཔག་བྱེད་རྒྱུ་མ་ཟད། སྲིད་གཞུང་གི་ངོས་ནས་ཉེ་ལམ་རོགས་སྐྱོར་རྒྱལ་ཁབ་ཁག་དང་གྲོས་ཚོགས་བསྡུས་ནས་རྒྱལ་ཁབ་ཁག་གིས་བསྐྱར་འཛུགས་ལས་རིམ་ལ་རོགས་སྐྱོར་བྱེད་པའི་རེ་བ་རྒྱག་རྒྱུ་ཡིན་ཟེར།

ཆར་ཞོད་ཀྱི་དུས་ཚིགས་ལ་ཐོན་ལ་ཉེ་བས། རོགས་སྐྱོར་རྩ་འཛུགས་ཁག་གིས་མཁའ་ལམ་དང་སྐམ་ལམ་ཅི་རིགས་བརྒྱུད་ནས་མཐའ་འཁོབ་གནོད་ཐེབས་ས་ཁུལ་དུ་འབྲུ་རིགས་དང་། སྦྲ་གུར་སོགས་སྐྱེལ་བཞིན་འདུག ཁུ་ཡི་ལཱ་ར་ཡིས་བལ་བོའི་སྲིད་གཞུང་གིས་སྤྱི་བའི་འཛུགས་བསྐྲུན་ཁག་ཅིག་ཏུ་ཁྱིམ་ལ་འགྲོ་འདོད་མེད་པའི་མང་ཚོགས་དག་གནས་སྐབས་སུ་བཀོད་སྒྲིག་བྱས་ཡོད་ཟེར།

འབྲེལ་ཡོད་རྩོམ་ཡིག