ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཨ་རིའི་རྫོང་ཆུང་ཞིག་ལ་ཨེ་ཙིའི་ནད་ཡམས་ཀྱིས་གཙེས་ཏེ་ཛ་དྲག་གི་གནས་སུ་ལྷུང་ཡོད་འདུག

2015-05-08

ཨ་རིའི་ནད་རིགས་ཚོད་འཛིན་སྔོན་འགོག་ལྟེ་གནས་ཀྱིས་ཉིན་ཤས་སྔོན་གསལ་བསྒྲགས་བྱས་པ་ལྟར་ན་ཨིན་ཌི་ཨན་ནཱ་མངའ་སྡེའི་ཟི་ཁཱི་ཐྲི་རྫོང་ལ་ཨེ་ཙིའི་རིམས་ནད་ཁྱབ་པའི་གནས་ཚུལ་བྱུང་འདུགདེ་སྔོན་གནས་དེ་གའི་ཨེ་ཙིའི་ནད་གསར་དུ་བྱུང་མཁན་ལོ་རེར་ནད་པ་ལྔ་ལས་མི་བརྒལ་ནའང་། ན་ནིང་གི་ཟླ ༡༢ པ་ནས་བཟུང་ཨེ་ཙིའི་ནད་དུག་ཕོག་མཁན་ཆེས་མ་མཐའ་ཡང ༡༤༢ བྱུང་ཡོད།དེ་བྱུང་བའི་རྒྱུ་མཚན་གཙོ་བོ་ནི་ནད་དུག་འགོས་ཡོད་པའི་སྨན་ཁབ་རྒྱག་ཆས་མཉམ་སྤྱོད་བྱས་རྐྱེན་ཡིན་འདུགཨ་རིའི་ནད་རིགས་ཚོད་འཛིན་སྔོན་འགོག་ལྟེ་གནས་ཀྱི་སྙན་ཞུའི་ནང་རྫོང་དེ་ལ་ཨེ་ཙི་ནད་ཀྱི་གནོད་པ་ཚབས་ཆེན་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་ནི་དབུལ་ཕོངས་ཡིན་འདུག་པར་བཤད་ཡོད།

ད་ལོའི་ཟླ་དང་པོའི་ཟླ་མཇུག་ལ། ཨིན་ཌི་ཨན་ནཱ་མངའ་སྡེའི་ཟི་ཁཱི་ཐྲི་རྫོང་དུ་ཨེ་ཙིའི་ནད་པ ༡༡ ཙམ་བྱུང་རྗེས། མངའ་སྡེའི་འཕྲོད་བསྟེན་པུའུ་ཡིས་ས་དེ་གའི་རིམས་ནད་ལ་བརྟག་དཔྱད་ཞིབ་མཇུག་གི་མགོ་བརྩམས་ཡོད། བརྟག་དཔྱད་ལྟར་ན་ནད་པ་འདི་དག་ཕལ་ཆེ་བ་ནི་རྫོང་དེའི་མི་གྲངས ༤༢༠༠ ཙམ་ལས་མེད་པའི་ཨའོ་ཟི་ཏིན་གྲོང་རྡལ་ནས་བྱུང་འདུག་ཅིང་། ནད་ཕོག་མཁན་ནི་ལོ ༡༨ ནས ༥༧ བར་དུ་གནས་ཡོད་པ་དང་། དེའི་ནང་བརྒྱ་ཆའི ༨༠ ཡིས་ཨ་ཕན་རིགས་ཀྱི་གཟེར་འཇགས་སྨན་ཁབ་བརྒྱབ་པ་དང་། ཁ་ཤས་ཀྱིས་ད་དུང་དུས་མཉམ་དུ་འཁྱགས་དུག་བརྒྱབ་ཡོད་ལ་ཉལ་ཐ་ཧེ་རུན་ཡང་འཐེན་ཡོད། ནད་ཕོག་མཁན་ཕལ་ཆེ་བར་ཨེ་ཙིའི་ནད་དུག་འགོས་ཡོད་པ་མ་ཟད་ད་དུང་མཆིན་ཚད་ག་པའི་ནད་ཀྱང་ཕོག་ཡོད།

ཨ་རིའི་ནད་རིགས་ཚོད་འཛིན་སྔོན་འགོག་ལྟེ་གནས་དང་ཨིན་ཌི་ཨན་ནཱ་མངའ་སྡེའི་འཕྲོད་བསྟེན་པུའུ་གཉིས་ཀྱིས་མཉམ་དུ་ལེགས་འགྲུབ་བྱུང་ཡོད་པའི་སྙན་ཞུའི་ནང་། ཟི་ཁཱི་ཐྲི་རྫོང་དུ་དུག་ཁབ་བརྒྱག་པ་ནི་"མི་རབས་མང་པོའི་སྤྱོད་ལམ"ཞིག་སྟེ་ཁྱིམ་ཚང་གཅིག་གི་མི་རབས་གསུམ་གྱིས་མཉམ་དུ་རྒྱག་པའི་སྣང་ཚུལ་ཡོད་པ་བཤད་ཡོད།

ཨ་རིའི་ཨིན་ཌི་ཨན་ནཱ་མངའ་སྡེའི་འགན་འཛིན་མའེ་ཁཱོ་ཕན་ཟི་ཡིས་མིག་སྔར་ཟི་ཁཱོ་ཐྲི་རྫོང་གི་འཕྲོད་བསྟེན་གྱི་ཛ་དྲག་རྣམ་པ་ཟླ ༥ པའི་ཟླ་མཇུག་བར་དུ་བསྲིང་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཤིང་། ཨ་རིའི་ནད་རིགས་ཚོད་འཛིན་སྔོན་འགོག་ལྟེ་གནས་ཀྱིས་སྨན་བཅོས་ཚོ་ཆུང་རྫོང་དེ་གར་མངགས་ཡོད།

ཨ་རིའི་རྫོང་ཆུང་ཞིག་ནས་བྱུང་བའི་གནས་ཚུལ་འདིས"ཨེ་ཙིའི་ནད་ནི་དབུལ་བོའི་ནད་ཅིག་ཡིན"ཞེས་པའི་སྐད་ཆ་དེ་ལ་བདེན་ཁ་བྱིན་འདུགསྙན་ཞུ་ལྟར་ན་རྫོང་དེའི་མི་དམངས་ཀྱིས་གཟེར་འཇགས་སྨན་ཁབ་གང་དགར་སྤྱོད་པ་དང་དུག་འཐེན་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་དབུལ་ཕོངས་ཡིན་འདུགརྫོང་དེའི་ལས་ཤོར་ཚད་ཀྱིས་བརྒྱ་ཆའི་ ༨.༩ ཟིན་ཡོད་ལ། བརྒྱ་ཆའི ༢༡.༣ ཙམ་གྱི་མི་དར་མ་ནི་མཐོ་འབྲིང་མཐར་ཕྱིན་མེད་མཁན་ཡིན་འདུགབརྒྱ་ཆའི ༡༩ ཡི་འཚོ་གནས་ཆུ་ཚད་ནི་དབུལ་ཕོངས་ཚད་ཀྱི་མན་ཆད་དུ་གནས་འདུག་པས།དབུལ་ཕོངས་ཀྱིས་མནར་མཁན་མང་པོས་སྨན་རྫས་དང་དུག་རྫས་ལ་བརྟེན་ནས་ཉི་མ་འཁྱོལ་ཐབས་བྱས་བསྡད་ཡོད། ས་དེ་གའི་སྨན་བཅོས་བདེ་སྲུང་ཞབས་ཞུའང་ཧ་ཅང་ཚད་བཀག་ཡོད་དེ་ཟི་ཁཱི་ཐྲི་རྫོང་གི་འཕྲོད་བསྟེན་དམིགས་ཚད་དང་སྔོན་དཔག་གི་ཚེ་ཚད་བཅས་ཚང་མ་ནི་མངའ་སྡེ་དེ་གའི་ཆེས་མཐའ་མའི་གྲས་སུ་ཡོད་དོ།།

ཨ་རིའི་ནད་རིགས་ཚོད་འཛིན་སྔོན་འགོག་ལྟེ་གནས་ཀྱིས་དེ་སྔོན་དབུལ་ཕོངས་དང་ཨེ་ཙིའི་ནད་འགོས་ཚད་གཉིས་བར་གྱི་འབྲེལ་བའི་ཐད་ནས་ཞིབ་འཇུག་བྱས་མྱོང་བ་ལས་ཤེས་གསལ། ཡོང་འབབ་ཆུ་ཚད་ཨ་རིའི་རྒྱལ་ཡོངས་ཀྱི་དབུལ་ཕོངས་ཚད་ཀྱི་མན་ཆད་དུ་གནས་པའི་མི་ཚོགས་ཀྱི་ཨེ་ཙིའི་ནད་ཕོག་ཚད་ནི་བརྒྱ་ཆའི ༢.༤ ཡིན་ཞིང་། དེ་ནི་ཕལ་ཆེར་ཨེ་ཙེ་ཨོ་ཕི་ཡ་དང་ཧེ་ཐི་ལ་སོགས་པའི་ཨེ་ཙིའི་ནད་བྱུང་ཚད་མང་བའི་ས་ཁུལ་དང་འདྲ་མཉམ་གྱི་ཚད་ཡིན་འདུག་ལ།ལྷག་པར་ཨིན་ཌི་ཨན་ནཱ་མངའ་སྡེའི་ལྷོ་ཕྱོགས་ཀྱི་དབུལ་ཕོངས་ས་ཁུལ་ནི་དེ་བས་ཀྱང་ཨ་རིའི་རྒྱལ་ཡོངས་ནང་ལོ་རེར་གསར་བྱུང་ཨེ་ཙིའི་ནད་པའི་འབྱུང་ཁུངས་གཙོ་བོ་ཞིག་ཡིན།ཨེ་ཙི་ནད་སྔོན་འགོག་སྨན་བཅོས་ཚོགས་པས་ལྷོ་ཕྱོགས་དབུལ་ཕོངས་ས་ཁུལ་དག་ནི་དེང་སྐབས་ཨ་རི་ནས་ཨེ་ཙིའི་ནད་ཁྱབ་གདལ་དུ་འགྲོ་བའི་ལྟེ་གནས་སུ་གྱུར་ཡོད་པ་གསལ་པོར་བསྟན་ཡོད།

ཟི་ཁཱོ་ཐྲི་ལྟ་བུའི་དབུལ་ཕོངས་རྫོང་ལ་སྤྱི་སྤྱོད་འགྲིམ་འགྲུལ་དང་། ཟས་རིགས། སྨན་བཅོས་བདེ་སྲུང་སོགས་དགོས་ངེས་ཀྱི་སྤྱི་པའི་ཐོན་ཁུངས་ཡོངས་ཁྱབ་ཀྱིས་འདང་མི་འདུགཨཱ་ལི་པཱ་མཱ་སློབ་ཆེན་གྱི་ཨེ་ཙིའི་ནད་དུག་ཞིབ་མཇུག་བྱེད་མཁན་མའེ་ཁཱོ་སཱར་གྷི་ཡིས་བཤད་པ་ལྟར་ན། ཚད་ཡོད་པའི་སྤྱི་པའི་ཐོན་ཁུངས་ཀྱིས་ཡོང་འབབ་དམའ་བའི་ཨེ་ཙིའི་ནད་དུག་ཕོག་མཁན་དག་ལ་དུས་ཐོག་གི་སྨན་བཅོས་དང་རོགས་སྐྱོར་ཐོབ་པར་དཀའ་ཁག་བཟོས་ཡོད།སྨན་བཅོས་ཟབ་དངུལ་དང་སྨན་བཅོས་འགན་སྲུང་འདང་ངེས་མེད་པས་འབྲེལ་ཡོད་ཀྱི་ལུས་པོ་བརྟག་དཔྱད་བྱེད་མཁན་ཡང་ཧ་ཅང་ཉུང་།ཐ་ན་མི་མང་པོས་ཨེ་ཙིའི་ནད་ཞིབ་བཤེར་བྱེད་རིན་ཨ་སྒོར ༡༠ ཙམ་ཡང་སྤྲོད་ཐུབ་ཀྱི་མི་འདུག

དེ་མིན། སྤྱི་ཚོགས་དང་ཆོས་ལུགས་ཀྱི་རྐྱེན་ནད་དུག་ཕོག་མཁན་དང་། ལྷག་པར་མཚན་མཐུན་དགའ་རོགས་སྒྲིག་མཁན་དག་ནི་ཨ་རིའི་སྤྱི་ཚོགས་ནང་མཐོང་ཆུང་དང་མཐའ་འཁོབ་ཅན་དུ་གཏོང་སླ་བའི་མི་ཚོགས་སུ་གྱུར་ཡོད་པས། མི་འདི་དག་གིས་རང་འགུལ་གྱིས་སྨན་བཅོས་བྱེད་འདོད་ཀྱི་མེད། འདི་ལྟ་བུའི་འགལ་རྐྱེན་མང་པོས་ཨ་རིའི་ལྷོ་ཕྱོགས་ཀྱི་ཨེ་ཙིའི་ནད་དུག་ཕོག་མཁན་གྱི་ཤི་ཚད་ཀྱང་རྒྱལ་ཡོངས་ཀྱི་ཆེས་མཐོ་བའི་ཚད་ལ་སླེབས་ཡོད།

ཨ་རིའི་ནད་རིགས་ཚོད་འཛིན་སྔོན་འགོག་ལྟེ་གནས་ཀྱིས་དབུལ་ཕོངས་ས་ཁུལ་ལ་མི་ཤུགས་དང་རྒྱུ་ཤུགས་སྔར་ལས་མང་པོ་གཏོང་དགོས་ཚུལ་གྱི་སྐོར་ནས་སྲིད་གཞུང་ལ་སྐུལ་མ་བཏབ་ཡོད། ཨ་རིའི་སྲིད་གཞུང་ནས་ལོ་འདི་འགར་ལོ་རེར་ཧ་ལམ་ཨ་སྒོར་དུང་ཕྱུར ༣༠༠ ཙམ་གྱི་སྔོན་རྩིས་ཨེ་ཙིའི་ནད་ཡམས་སྔོན་འགོག་དང་སྨན་བཅོས་བྱེད་པར་བཏང་ཡོད་ཅིང་། ༢༠༡༡ ལོ་ནས་བཟུང་ཆེད་དམིགས་ཀྱི་ལས་གཞི་བཙུགས་ཏེ་ཨེ་ཙིའི་ནད་དུག་ཕོག་མཁན་དབུལ་བོ་དག་གི་སྡོད་ཁང་གི་གནད་དོན་ཐག་བཅད་ཡོད།

འབྲེལ་ཡོད་རྩོམ་ཡིག