ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཐ་ལི་པན་གྱིས་ཨབ་གན་སི་ཐན་ལ་འཇབ་རྒོལ་བྱས་ནས་མི ༡༠ བསད་པ་དང་མི ༦༦ རྨས།

2015-04-29

ཐ་ལི་པན་གྱི་དྲག་ཆས་པས་ཚེས ༩ ཉིན་ཨབ་གན་སི་ཐན་བྱང་ཕྱོགས་ཀྱི་གྲོང་ཁྱེར་མཱ་ཀྲ་ལི་ཧྲ་ལི་ཧྥོ་ཡི་ཁྲིམས་ཁང་ཞིག་ལ་འཇབ་རྒོལ་བྱས་ཏེ། ཉེན་རྟོག་ཅུས་ཀྱི་ཅུས་ཀྲང་ནང་དུ་འདུས་པའི་མི ༡༠ བསད་པ་དང་མི ༦༦ ལ་རྨས་པ་རེད།

མཱ་ཀྲ་ལི་ཧྲ་ལི་ཧྥོ་ཡི་ནི་པ་ཨེར་ཧི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཡིན་ལ། ཞིན་ཆེན་ཉེན་རྟོག་ཅུས་ཀྱི་ཅུས་ཀྲང་གི་ལས་ཚབ་ཨ་པུའུ་ཏུའུ་འེར་ལཱ་ཙུ་ཁོ་ཁ་ཏི་ལི་ཡིས་བཤད་རྒྱུར། ས་གནས་དེའི་ཚེས ༩ ཉིན་གྱི་ཉིན་དཀྱིལ་དུ། དམག་ལྭ་གྱོན་པའི་དྲག་ཆས་པ་བཞིས་ཁྲིམས་ཁང་གི་སྒོ་ཆེན་ནས་རྒོལ་རྡུང་བྱས་ཏེ། ཁྲིམས་ཁང་ནང་ལོགས་སུ་མེ་མདའ་བརྒྱབ་པ་དང་ལག་འབོམ་འཕངས་ཏེ། མི ༡༠ བསད་པ་དང་། མི ༦༦ ལ་རྨས་ཡོད་ཅེས་བཤད་པ་རེད།

ཡུལ་དེའི་སྨན་ཁང་གི་མཐོ་རིམ་སྨན་པ་མོ་ཧན་མོ་ཏི་ཧྥེ་ཙི་ཡིས་བཤད་རྒྱུར། རྨས་སྐྱོན་ཐེབས་པའི་མིའི་ནང་དུ་ཉེན་རྟོག་པ་དང་ཞིབ་དཔྱོད་དཔོན་པོ། ཁྲིམས་ཁང་གི་ལས་བཟོ་བ། བུད་མེད་དང་བྱིས་པ་སོགས་ཡོད་པ་དང་། མི་སྐོར་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཐེབས་ཡོད་པ་རེད།

པ་ཨེར་ཧི་ཞིང་ཆེན་འགོ་འཛིན་གྱི་གཞུང་ལས་ཁང་གིས་གསལ་བསྒྲགས་སྤེལ་རྒྱུར། ཡུལ་དེའི་ཉེན་རྟོག་ཅུས་ཀྱི་ཅུས་ཀྲང་དང་ཉེན་རྟོག་པ་གཉིས་སྐབས་དེར་བསད་ཡོད་པ་རེད།

ཨབ་གན་སི་ཐན་གྱི་ནང་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པས་བཤད་རྒྱུར། ས་གནས་དེ་གའི་བདེ་འཇགས་དམག་དཔུང་དང་འཇབ་རྒོལ་བས་དགོང་མོའི་བར་དུ་ཕན་ཚུན་མེ་མདའ་འཕངས་ནས་འཐབ་འཁྲུག་བྱས་ཡོད་པ་རེད།

ཐ་ལི་པན་གྱི་མགྲིན་ཚབ་པ་མའོ་ཀྲ་ཞི་ཏི་ཡིས། རྩ་འཛུགས་དེས་འཇབ་རྒོལ་དོན་རྐྱེན་ལ་འགན་ཁུར་བྱེད་ཅེས་བརྗོད་ཡོད།

རྒྱལ་སྤྱིའི་བདེ་འཇགས་དམག་དཔུང་ཨབ་གན་སི་ཐན་ནས་ཕྱིར་འཐེན་བྱས་པ་ནས་བཟུང་། ས་གནས་དེ་གའི་བདེ་འཇགས་གནས་བབ་ཛ་དྲག་ཇེ་ཆེར་འགྱུར་བཞིན་ཡོད། ཟླ་བ་འདིའི་ཚེས ༢ ཉིན། ཨབ་གན་སི་ཐན་གྱི་ཤར་ཕྱོགས་སུ་རང་སྲོག་གཅོད་པའི་ཚུལ་གྱི་འཇབ་རྒོལ་ཐེབས་ཏེ། མི ༡༦ ཤི་བ་དང་མི་གྲངས ༥༥ ལ་རྨས་སྐྱོན་ཐེབས་ཡོད་པ་རེད།

ཟླ་བ་སྔོན་མའི་ཚེས ༢༤ ཉིན། ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཡིས་ཨ་རིར་འཚམ་འདྲི་ཕེབས་པའི་ཨབ་གན་སི་ཐན་གྱི་ཙུང་ཐུང་ཅཱ་ཉི་ལ་ཐུག་འཕྲད་གནང་སྐབས་དྲིལ་བསྒྲགས་བྱ་རྒྱུར། ཨབ་གན་སི་ཐན་ལ་སྡོད་པའི་ཨ་རིའི་དམག་དཔུང་ལ ༢༠༡༥ ལོའི་ལོ་མཇུག་ཏུ་དམག་མི ༩༨༠༠ སོར་འཇོག་བྱ་རྒྱུ་རེད། འོན་ཀྱང་ཟླ་འདིའི་ཚེས ༨ ཉིན། ཨབ་གན་སི་ཐན་གྱི་དམག་མི་ཞིག་གིས་གློ་བུར་དུ་ཨ་རིའི་དམག་དཔུང་ལ་འཇབ་རྒོལ་བྱས་ཏེ། ཨ་རིའི་དམག་མི་གཅིག་བསད་པ་དང་དམག་མི་གཉིས་ལ་རྨས་པ་རེད།

ཁ་བྱང་ཕྱི་མོ།ཐ་ལི་པན་གྱིས་ཨབ་གན་སི་ཐན་ལ་འཇབ་རྒོལ་བྱས་ནས་མི ༡༠ བསད་པ་དང་མི ༦༦ རྨས།

འབྲེལ་ཡོད་རྩོམ་ཡིག