ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཆིང་ཨན་གྱི་དཔོན་པོ་དམར་གསོད་བཏང་བ་དེ་ཞུ་གཏུག་དང་འབྲེལ་བ་ཡོད་དམ་མེད།

2015-06-11 གཡང་སྒྲོལ།
   གསར་ལམ་དུ་བཀོད་པ་ལྟར་ན།   ཧེ་ལུང་ཅང་ཞིང་ཆེན་ཆིང་ཨན་རྫོང་གི་སྒྲིག་བཤེར་ཨུ་ལྷན་གྱི་ལས་བྱེད་པ་ཧྥན་ཅ་ཏུང་ལ་ཁ་ངོ་བཏུམ་པའི་མི་སྐོར་ཞིག་གིས་གཅར་རྡུང་བྱས་ནས་རྨས་སྐྱོན་ལྗིད་མོ་ཕོག་པ་དང་།  སྨན་ཁང་དུ་ཉིན༢༨རིང་སྨན་བཅོས་མཐར་ཕན་མ་ཐོགས་པར་ཚེ་ལས་འདས་འདུག འོན་ཀྱང་ས་གནས་དེ་གས་གྱོད་གཞི་རྩད་ཞིབ་ཐད་ད་སྔའི་བར་གྲུབ་འབྲས་གང་ཡང་ལོན་མེད་ཅིང་།  འདས་པོའི་བེམ་པོ་ཡང་ད་དུང་བེམ་རོ་འཁྱགས་ཁང་བཞག་འདུག  རྒྱུས་ལོན་བྱུང་པ་ལྟར་ན།  ཧྥན་ཅ་ཏུང་ཚེ་བཞུགས་སྐབས་ཐེངས་དུ་མར་པེ་ཅིང་དུ་ཕྱིན་ནས།  རྫོང་གི་འགོ་ཁྲིད་གཙོ་གྲས་དག་གིས་སྒྲིག་འགལ་གྱིས་གཞུང་ཁང་རྒྱ་ཆེན་འཛུགས་བསྐྲུན་བྱས་པའི་གནས་ཚུལ་དངོས་མིང་ཐོག་ཞུ་གཏུག་བྱས་མྱོང་འདུག
         སྒྲིག་བཤེར་ཨུ་ལྷན་གྱི་ལས་བྱེད་པ་ཞིག་ལ་ཉི་མའི་དཀར་ངོགས་སུ་གཅར་རྡུང་བྱས་ནས་བསད་པ་དང་།  དེའི་ཐོག་དེ་སྔོན་པེ་ཅིང་དུ་ཞུ་གཏུག་ལ་སོང་མྱོང་པ་བཅས་ཀྱི་དབང་གིས།    ཁྱིམ་བདག་དང་དྲ་གྲོགས་གང་ཡིན་ཡང་ཚང་མས་ཧྥན་ཅ་ཏུང་གི་འདས་རྐྱེན་ནི་འཁོན་ལན་སློག་ཆེད་རེད་ཅེས་འདོད་གི་ཡོད་པ་རེད།
         དེ་ལྟར་ནའང་།  གྱོད་གཞིའི་མཇུག་འབྲས་མ་ཐོན་པའི་སྔོན་དུ། ཧྥན་ཅ་ཏུང་གི་འདས་རྐྱེན་ནི་འཁོན་ལན་སློག་པས་རེད་ཅེས་སུས་ཀྱང་ཁ་ཚོན་གཅོད་མི་ཐུབ་པ་མ་ཟད།  གྱོད་གཞི་རྩད་ཞིབ་ལ་ད་བར་དུ་གྲུབ་འབྲས་མེད་དོན་ཡང་དེར་སྲིད་འཛིན་ཐེ་གཏོགས་བྱས་པ་རེད་ཅེས་པའི་བདེན་དཔང་ཅི་ཡང་ཡོད་པ་མ་རེད།
   འོན་ཀྱང་།  རྫོང་རིམ་པའི་སྒྲིག་བཤེར་ཨུ་ལྷན་གྱི་ལས་བྱེད་པ་ཞིག་རིམ་པ་བརྒལ་ནས་པེ་ཅིང་དུ་ཞུ་གཏུག་ལ་འགྲོ་བ་ནི་མ་གཞི་ནས་རྒྱུན་ལྡན་ཞིག་མིན་ལ།  ས་གནས་དེ་གའི་དཔོན་པོར་ཚོར་འཇིགས་སྣང་ག་འདྲ་སྐྱེད་ཡོད་པའང་བློས་མི་དཔོག་པ་ཞིག་རེད། གནས་ཚུལ་དེ་འདྲའི་འོག    ཧྥན་ཅ་ཏུང་ཉི་མའི་དཀར་ངོགས་སུ་ཁ་ངོ་བཏུམ་པའི་མི་སྐོར་ཞིག་གིས་བསད་པ་དེ་དང་ཞུ་གཏུག་གཉིས་དུས་ཚོད་སྟེང་ཧ་ཅང་སྟབས་འཁེལ་ཡིན་པས།  མི་མང་གིས་དེ་གཉིས་བར་གྱི འབྲེལ་བར་དོགས་པ་སྐྱེས་གི་ཡོད་པ་དང་། མ་ཟད།  དེ་སྔོན་ཞུ་གཏུག་བྱས་མྱོང་པའི་རྫོང་གི་འགོ་ཁྲིད་ཀྱིས་གྱོད་དོན་རྩད་ཞིབ་ཚོགས་པ་བཙུགས་ནས་གནས་ཚུལ་དེར་བརྟག་དཔྱད་བྱས་པས།  ད་བར་དུ་མཇུག་འབྲས་ཅི་ཡང་ཐོན་མི་འདུག་པ་དང་།  ས་གནས་སྤྱི་བདེ་ཅུས་ཀྱིས་རྩད་ཞིབ་ཐད་ཡིག་ཆ་གང་ཡང་བཀྲམས་མེད་པར་ཡང་སྲིད་འཛིན་ཐེ་གཏོགས་བྱས་ཡོད་མེད་ཐད་གཞན་གྱིས་དོགས་པ་སྐྱེས་སྲིད།
   དུས་ཚོད་དང་མི་སྣའི་སྟེང་སྟབས་འཁེལ་པ་དང་།  དེའི་ཐོག་གཞུང་ཡིག་བཀྲམས་ནས་བརྟག་དཔྱད་བྱས་མེད་པས་ན།  མི་མང་གིས་དེར་དོ་སྣང་ཆེན་པོ་བྱེད་སྲིད།   མ་ཟད།  གླེང་ཕྱོགས་དང་དོགས་གཞི་ཡོད་ཚད་ས་གནས་སྲིད་གཞུང་ལ་ཁ་གཏད་པའི་དུས་སུ།  ས་གནས་དེ་གའི་གཞུང་ཕྱོགས་སྡེ་ཚན་ཁག་གིས་འདི་ལྟར།  རྫོང་སྒྲིག་བཤེར་ཨུ་ལྷན་གྱིས་འདས་པོ་ཚེ་བཞུགས་སྐབས་པེ་ཅིང་དུ་ཞུ་གཏུག་སོང་ཡོད་མེད་ཐད་ལན་བསྐྱོན་མེད་པ་དང་།  སྲིད་གཞུང་གིས་ཕྱོགས་ནས་གླེང་ཕྱོགས་གང་ཡང་སྤེལ་མེད་པ།  རྫོང་ཨུའི་དྲིག་སྒྲོག་པུའུ་ཡིས་ཞིབ་ཕྲའི་གནས་ཚུལ་གསལ་བོ་ཤེས་ཀྱི་མེད་པ་དང་།  ཆིང་ཨན་རྫོང་གི་འགོ་ཁྲིད་གཙོ་བོ་ཕྱི་རུ་ཚོང་འདྲེན་དུ་ཕྱིན་སོང་པས།  འབྲེལ་བ་བྱེད་ཐབས་མི་འདུག་ཅེས་ལན་བསྐྱོན་པས་ན།   མི་མང་གིས་དེ་ལས་ཀྱང་དོན་དག་དེ་གཉིས་བ་འབྲེལ་བ་ཡོད་པར་བསམས་ཐག་ཆོད་རེད།
   དོན་དག་བྱུང་ནས་ད་བར་དུ།  ཧྥན་ཅ་ཏུང་གི་ལུས་སྟེང་དུ་དོགས་གཞི་གཉིས་ཡོད་དེ།  གཅིག་ནི་ཁོ་རང་ཚེ་བཞུགས་སྐབས་ས་གནས་དེ་གའི་རྫོང་གི་འགོ་ཁྲིད་ཞུ་གཏུག་བྱས་པ་དེ་གནས་ཚུལ་ངོ་མ་ཡིན་མིན།  ཅིག་ཤོས་ནི།  ཁོ་ནི་ཁ་ངོ་བཏུམ་པའི་མི་སྐོར་ཞིག་གཅར་ནས་བསད་པ་རེད།  དེས་ན་ཉེས་ཅན་དངོས་དེ་སུ་ཡིན་ནམ། དོན་དག་དེ་གཉིས་ལ་དངོས་འབྲེལ་ཡོད་ན། གྱོད་གཞི་དེ་ནི་དེ་འདྲའི་སླ་མོ་ཞིག་རྩ་བ་ནས་མིན་ཏེ། ས་གནས་དེ་གའི་གཞུང་ཕྱོགས་ནས་དོན་དག་དེ་གཉིས་བར་འབྲེལ་བ་གང་ཡང་མེད་ན་བསམ་གྱི་ཡོད་ནའང་།  ད་སྔའི་བྱེད་ཐབས་འདི་དག་གིས་དེ་གཉིས་འབྲེལ་མེད་བཟོ་རྒྱུ་ནི་ཤིན་ཏུ་ཁག་པོ་རེད་འདུག
   གྱོད་གཞི་རྩད་ཞིབ་ཀྱི་མཇུག་འབྲས་མ་ཐོན་པའི་སྔོན་ལ།  ཧྥན་ཅ་ཏུང་འདས་རྐྱེན་ནི་རྡུང་རྡེག་འཁོན་ལན་སློག་པས་རེད་ཅེས་ནི་དེ་ནི་གཟབ་ནན་ཞིག་མིན་མོད།  གྱོད་དོན་རྩད་ཞིབ་ཚོགས་པ་ཧྥན་འཚོ་བཞུགས་སྐབས་ཞུ་གཏུག་བྱས་པའི་ཕྱོགས་ཀྱི་ཁེ་ཕན་དང་འབྲེལ་ཡོད་པ་མ་ཟད།  ད་སྔར་བརྟག་དཔྱད་ལས་རིམ་ལ་མཇུག་འབྲས་གང་ཡང་ལོན་མེད་པས། གལ་ཏེ་ཕྱོགས་གསུམ་པས་རང་རྐྱ་འཕེར་བའི་བརྟག་དཔྱད་བྱས་པ་མིན་པར།  ས་གནས་སྲིད་གཞུང་གིས་དེར་ཁ་ཡ་མི་བྱེད་པའམ་དོན་དེ་གཞོལ་བ་ཙམ་གྱིས་མང་ཚོགས་ཀྱི་སེམས་ཁྲལ་ཞི་འཇགས་སུ་གཏོང་ཐུབ་རྒྱུ་མ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག