ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཕྱིའི་གསར་ལམ་དུ་འཛམ་གླིང་ཡོངས་སུ་མི་འབོར་བྱེ་བ་གཅིག་ལ་རྒྱལ་ཁོངས་མེད་པའི་གནས་ཚུལ་སྤེལ་འདུག

2015-06-11 གཡང་སྒྲོལ།

ཟུར་དཔྱད་དྲ་བས་ཟླ ༦ པའི་ཚེས ༩ ཉིན་སྤེལ་བའི་གནས་ཚུལ་ལས།ཕྱི་ཕྱོགས་གསར་ལམ་ཁག་ཏུ་བཀོད་པ་ལྟར་ན།རྒྱལ་ཁོངས་མེད་པའི་མི་ཞེས་པ་ནི་རྒྱལ་ཁབ་གང་གིས་ཀྱང་རང་གི་སྤྱི་དམངས་ཡིན་པར་ཁས་མི་ལེན་ཞིང་།རྒྱལ་ཁབ་གང་དེའི་རྒྱལ་ཁོངས་སུ་མི་གཏོགས་པའི་མི་ལ་གོ།དོན་དངོས་ལ་གཞིགས་ན་འཛམ་གླིང་ཡོངས་ཀྱི་མི་འབོར་བྱེ་བ་གཅིག་ནི་གོང་གི་རྒྱལ་ཁོངས་མེད་པའི་རིགས་སུ་གཏོགས་ཤིང་། དེ་ལ་སྨན་བཅོས་དང་སློབ་གསོ་སོགས་མ་མཐའི་འགན་སྲུང་ཐོབ་པའི་ཐོབ་ཐང་ཡང་མེད་རྐྱེན་འཚོ་གནས་ལ་དཀའ་ངལ་མང་པོ་འཕྲད་ཡོད།སྣང་ཚུལ་དེ་ནི་གཙོ་བོ་ཁྲིམས་འཛུགས་གདོང་ཐུག་དང་།མངའ་ཁོངས་བཤིག་སྤྲོད། མཐོང་ཆུང་བྱེད་པ།སྐྱེས་ཕྲུག་ཐོ་འགོད་མེད་པ།རྒྱལ་ཁོངས་མེད་པར་བཏང་པའམ་རྒྱལ་ཁོངས་དོར་བ་བཅས་ཀྱི་རྒྱུ་རྐྱེན་མང་པོ་ལས་བྱུང་བ་རེད།

ཟླ ༦ པའི་ཚེས ༧ ཉིན་སི་ཕེན་གྱི《ཨ་པེ་སེ་ཚགས་པར》གྱིས་གནས་ཚུལ་སྤེལ་བར་གཞིགས་ན།རྒྱལ་ཁོངས་མེད་པའི་མི་སྒེར་ལ་འཚོ་བའི་གཏད་སོ་མེད་པའི་འཇིགས་སྣང་གི་ཤུགས་རྐྱེན་ཐེབས་ཡོད།རྒྱལ་ཁབ་ཅིག་གི་རྒྱལ་ཁོངས་སུ་ཚུད་པའི་མི་སྤྱི་ཚོགས་སུ་གང་དགར་ཞུགས་ཐུབ་ལ་མིའི་ཐོབ་ཐང་གིས་བསྩལ་བའི་ཕྱོགས་སོ་སོའི་དབང་ཆ་བེད་སྤྱོད་བཏང་ཆོགདཔེར་ན་འདེམ་ཤོག་འཕེན་པ་སོགས་ཀྱི་འདེམས་བསྐོའི་དབང་ཆ་ལྡན། དེ་ལས་ལྡོག་པའི་རྒྱལ་ཁོངས་མེད་པའི་མིར་ཐོབ་ཐང་མེད་ཅིང་། གང་བྱུང་དུ་འཛིན་བཟུང་ཐེབས་སླ་བ་དང་།ཐ་ན་སློབ་གསོ་དང་སྨན་བཅོས། ལས་གནས་ལ་སོགས་ཀྱི་འགན་སྲུང་དང་སྐལ་བ་ཐོབ་པའི་ཉག་ཤིན་ཏུ་ཕྲ་བ་ཡིན།སྣང་ཚུལ་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བ་དོན་གཅོད་མཐོ་རིམ་ཆེད་གཉེར་དོན་གཅོད་ཁང་གིས་དོ་སྣང་ཆེན་པོ་བྱས་ཏེ། ༢༠༢༤ ལོར་སླེབས་དུས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁོངས་མེད་པའི་གནད་དོན་ཐག་གཅོད་ཆེད་ལ "ངེད་ཀྱི་ཁོངས་གཏོགས"ཞེས་པའི་རྒྱལ་སྤྱིའི་ལས་འགུལ་སྤེལ་འགོ་ཚུགས།

གཤམ་དུ་འཛམ་གླིང་གི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་རྒྱལ་ཁོངས་བོར་བའི་རིགས་ཚོ་ཆེན་པོ་བཅུ་ནི་གཤམ་ལྟར།

 

གཅིག འབར་མའི་ལོ་ཞིན་ཡའི་མི།འབར་མའི་ནུབ་རྒྱུད་དུ་ཆགས་པའི་ལོ་ཞིན་ཡའི་མི་ལ་དུས་ཡུན་རིང་བོར་གཉའ་གནོན་ཐེབས་པའི་ལོ་རྒྱུས་ཡོད། ཡུལ་དེའི་མི་མང་ཤོས་ཀྱིས་ནང་བསྟན་ལ་དད་མོས་བྱེད་ནའང་། ཁོང་ཚོ་ནི་ཨེ་ཤ་ཡ་ལྷོ་མའི་དབྱི་སི་ལན་གྱི་རྗེས་རབས་པ་རེད། ༡༩༨༢ ལོར་འབར་མས་ཁྲིམས་ལུགས་ཁག་ལ་བརྟེན་ནས་ལོ་ཞིན་ཡའི་མིའི་སྤྱི་དམངས་ཀྱི་ཐོབ་ཐང་མེད་པར་བཏང་བ་རེད། ༡༩༩༡ ལོ་ནས་༡༩༩༢ ལོའི་བར་དུ། སྲིད་གཞུང་གི་གནོན་ཤུགས་དྲག་པོའི་འོགལོ་ཤིན་ཡའི་མི་མང་ཤོས་བྷང་ག་ལར་བྲོས་བྱོལ་དུ་ཕྱིན་པ་དང་། སྡོམ་རྩིས་ལྟར་ན་ད་ལྟའི་འབར་མར་སྡོད་པའི་ལོ་ཞིན་ཡའི་མི་འབོར་འབུམ་བརྒྱད་དང་། བྷང་ག་ལར་སྡོད་པའི་མི་འབོར་འབུམ་གཉིས།ལྷག་མ་རྣམས་ཨེ་ཤ་ཡ་ཤར་ལྷོ་དང་། སོ་ཏི་ཨ་རབ། ཕ་ཁི་སི་ཐན་བཅས་སུ་བྲོས་བྱོལ་དུ་ཕྱིན་པ་དང་།དེ་ལས་མི་ཁ་ཤས་ལྐོག་འཚོང་དང་ཉ་ཚོང་། འདེམས་འཛུགས་ར་བ་བཅས་ཀྱི་བྲན་གཡོག་ཏུ་གྱུར་ཡོད་འདུག

 

གཉིས།ཁུ་ཝེ་ཐེ་དང་སོ་ཏི་ཨ་རབ་ཀྱི་པེ་ཏུ་ཡན་མི།༢༠༡༡ ལོར་ཁུ་ཝེ་ཐེའི་པེ་ཏུ་ཡན་མིས་རྒོལ་གཏམ་སྤེལ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་འགོ་ཚུགས། པེ་ཏུ་ཡན་འབྲོག་པའི་རུས་རྒྱུད་ཚོ་བ་མང་ཤོས་ཀྱིས་མཚོ་ཁུག་རྒྱལ་ཁབ་རང་བཙན་བྱེད་སྐབས་སྤྱི་དམངས་ཀྱི་ཐོབ་ཐང་ཐོབ་ཐབས་བྲལ་པས།ཁོང་ཚོའི་ཕྱི་རབས་པ་རྣམས་ལ་པེ་ཏུ་ཡན་ཞེས་འབོད་ལ། ཨ་རབ་ནས"རྒྱལ་ཁོངས་མེད་པའི"ཚབ་མིང་སུ་བགྲང་ཡོད།མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡོམ་རྩིས་ལྟར་ན། མིག་སྔར་སོ་ཏི་ཨ་རབ་ཏུ་པེ་ཏུ་ཡན་མི་ཁྲི་བདུན་དང་ཁུ་ཝེ་ཐེ་རུ་པེ་ཏུ་ཡན་མི་ཁྲི ༩.༣ འཚོ་སྡོད་བྱས་ཡོད། ཁོ་ཚོར་རིན་མེད་སློབ་གསོ་དང་སྨན་བཅོས་མྱུར་སྐྱོབ་ཀྱི་འགན་སྲུང་མེད་པ་མ་ཟད། ལས་རྐང་དུ་ཞུགས་པའི་གོ་སྐབས་མེད།རྒྱལ་ཁབ་དང་སྲིད་གཞུང་མང་ཤོས་ཀྱིས་ཁོ་ཚོ་ནི་རྒྱལ་ཁབ་གཞན་ནས་ཡོང་བའི་ཁྲིམས་འགལ་སྡོད་དམངས་རེད་ཅེས་རྩིས་མེད་དུ་བཏང་ཡོད། ༢༠༡༡ ལོའི་ཟླ ༡ པོར།ཨ་རབ་རྒྱལ་ཁབ་ནས་རྒོལ་གཏམ་སྤེལ་བའི་བྱ་འགུལ་བྱུང་བའི་བབ་དང་བསྟུན་ནས་ཁུ་ཝེ་ཐེའི་པེ་ཏུ་ཡན་མི་ཡིས་ཁེ་དབང་སྲུང་སྐྱོང་གི་བྱ་འགལ་རབ་དང་རིམ་པ་སྤེལ་བ་དང་།མཐར་སྲིད་གཞུང་གིས་མཁོ་བསྟུན་བྱེད་ཐབས་བཏོན་ཏེ་སྤྱི་དམངས་ཐོབ་ཐང་སྦྱིན་རྒྱུ་མོས་འཐད་བྱུང་ཡང་དུས་ཐོག་ཏུ་དོན་འཁྱོལ་མ་བྱུང་ལུས་པས། ད་ལྟའང་རྒོལ་གཏམ་གྱི་བྱ་འགུལ་བར་མ་ཆད་ལ། ཉེན་རྟོག་པས་དྲག་གནོན་ཡང་ཚད་མེད་མྱོང་བཞིན་ཡོད།

 

གསུམ། ཁེན་ནི་ཡའི་ནོ་པི་ཡའི་མི།དུས་རབས་གཅིག་ལྷག་གི་གོང་ལ་ནོ་པི་ཡའི་མི་ཁེན་ནི་ཡར་སྡོད་པའི་རིང་།སྤྱི་མང་ཐོབ་ཐང་དང་ཕྱིར་བསྐྱོད་ལམ་ཡིག་ལ་ཐོག་མཐའ་བར་གསུམ་དུ་ཁས་ལེན་མ་ཐོབ་པར་བརྟེན།ཁོ་ཚོའི་སློབ་གསོ་དང་། འདེམ་ཤོག་འཕེན་པ།ཡུལ་སྐོར། ལག་འཁྱེར་ཁ་པར་བཀོལ་སྤྱོད།དངུལ་ཁང་གི་དངུལ་ཐོ་འཛུགས་པ། སློབ་ཆེན་དུ་ཞུགས་པ། སྲིད་གཞུང་གི་གཞུང་སྒྲུབ་ལ་ཞུགས་པ་སོགས་ཀྱི་ཐོབ་ཐང་ཡེ་ནས་མ་བྱུང་བ་རེད།

ནོ་པི་ཡའི་མི་འདི་དུས་རབས ༡༩ བའི་ནང་དང་ཐོག་དབྱིན་དམག་གིས་ཨ་ཧྥེ་རི་ཁ་ཤར་མའི་དམག་འཁྲུག་སྐབས་སུ་དམག་ཏུ་བཀུག་ཏེ་སུ་ཏེན་ནས་ཁེན་ནི་ཡར་ཡོང་བ་དང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་དམག་འཐབ་ལ་ཞུགས།དུས་རབས ༢༠ བའི་འགོར་དབྱིན་ཇི་སྲིད་གཞུང་གིས་ནེ་རོ་པི་གྲོང་ཁྱེར་འདབས་རོལ་ནས་ཁོ་ཚོར་ས་ཞིང་གནང་ནས་དེ་གར་གཏན་སྡོད་བྱེད་དུ་བཅུག་ཀྱང་། ལོ་ངོ་བཅུ་ཁའི་མཐའ་འཁོབ་ཀྱི་འཚོ་བ་རིམ་བཞིན་ཆེས་སྐྱོ་ཤས་སུ་ཆགས་སྟབས།ཡུལ་དེ་ད་ལྟ་འཛམ་གླིང་ཐོག་མི་འབོར་ཆེས་མང་བའི་དབུལ་ཕོངས་ས་ཆར་གྱུར་ཡོད།

༢༠༡༡ ལོའི་ཟླ ༣ པར་བྱིས་པའི་ཐོབ་ཐང་དང་ཀུན་ཕན་གནད་དོན་ཆེད་མཁས་ཨུ་ལྷན་གྱིས་ཁེན་ནི་ཡས་ནོ་པི་ཡ་བྱིས་པའི་རྒྱལ་ཁོངས་ཀྱི་ཐོབ་ཐང་བཙན་འཕྲོག་སྐོར་ལ་སྐྱོན་བརྗོད་སྤེལ། ཡུལ་དེའི་རྩ་ཁྲིམས་ལ་གཞིགས་ན་ནོ་པི་ཡའི་མི་ཁེན་ནི་ཡའི་སྤྱི་དམངས་སུ་གཏོགས་སུ་རུང་ཡང་། དུས་ཐུང་ནང་དེ་ལ་ཧ་ལམ་འགྱུར་ལྡོག་ཅི་ཡང་མ་བྱུང་བར་ལུས་ཡོད།

 

བཞི།མ་ལེ་ཞི་ཡའི་ཕའོ་ལོ་མངའ་ཁུལ་གྱི་ཧིན་རྡུ་ཉི་ཞི་ཡའི་མི་དང་ཧྥི་ལི་ཕིན་གྱི་མི།མ་ལེ་ཞི་ཡ་ཕའོ་ལོའི་ས་པ་མངའ་སྡེའི་བྱིས་པ་ཁྲི་ཕྲག་ལ་རྒྱལ་ཁོངས་མེད་ཅིང་། བྱིས་པ་དེ་དག་ནི་ཤིང་ཏ་ལའི་སྣུམ་ལས་ཀྱི་གླ་ཆ་ཉུང་བའི་ངལ་རྩོལ་པ་ཡུལ་འདིར་གནས་སྤར་བའི་ཧིན་རྡི་ཉི་ཞི་ཡ་དང་ཧྥི་ལི་ཕིན་གྱི་ཕྱི་རབས་པ་རེད། བྱིས་པ་དེ་དག་ལ་སྤྱི་དམངས་ཀྱི་ཐོབ་ཐང་མེད་ཕྱིར།སློབ་གསོ་དང་སྨན་བཅོས་ཐད་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་མི་ཐུབ།དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་ནི་བྱིས་པ་མང་ཤོས་མཐའ་མཇུག་བཟོ་ཕྲུག་ཏུ་གྱུར་ཞིང་། ཐ་ན་དུག་འཚོང་དང་ཉེས་ལས་གཞན་དག་གི་ལག་ཆར་གྱུར་ཡོད། ཕ་མ་ལ་ལས་ཡུལ་གཞན་དུ་སྤྱུགས་པར་འཇིགས་ནས་བུ་ཕྲུག་གི་གནས་ཚུལ་ཐོ་འགོད་བྱས་མེད་པ་དང་། ཕ་མ་ལ་ལས་ཐོ་འགོད་གྲོན་དངུལ་གྱི་འགན་འཁུར་མ་ཐུབ་པར་ལུས་ནས་བྱིས་པ་ཡུལ་ཕྱིར་སྤྱུགས་པའི་སྣང་ཚུལ་འདི་བྱུང་བ་དང་། དེར་བརྟེན་ནས་ཕ་མ་དང་བྱིས་པ་ཁ་བྲལ་མི་འགྲོ་ཐབས་མེད་དུ་གྱུར་བའི་ངང་ཚུལ་སྐྱོ་ཤས་འདི་ཆགས་པ་རེད།

 

ལྔ། ཁོ་ཐེ་ཏི་ཝོར་གྱི་ཕྱི་ནས་ཡོང་བའི་གནས་སྤོས་ཡུལ་མིའི་ཕྱི་རབས་པ།གནས་སྤོས་ཡུལ་མིའི་ཕྱི་རབས་པ་ལ་ཡང་ཁོ་ཐེ་ཏི་ཝོར་གྱི་རྒྱལ་ཁོངས་མེད། དུས་རབས ༢༠ བའི་ནང་ཁོ་ཐེ་ཏི་ཝོར་རང་བཙན་ཐོབ་རྗེས་སྲིད་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་གནས་སྤོས་ཡུལ་མི་དེར་ཡོང་ནས་ཁོ་ཐེ་དི་ཝོར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་རོགས་བྱེད་པར་ཡར་སྐུལ་བྱས་ཀྱང་།གནས་སྤོས་པའི་ཡུལ་མི་མང་ཤོས་ནི་པུ་ཅི་ན་ཧྥ་སོ་དང་། མ་ལི།ཀག་ན་སོགས་ནས་ཡོང་བ་ཡིན་པས།ད་ཆ་ཡུལ་མི་དེའི་ཕྱི་རབས་པ་རྣམས་སྤྱི་དམངས་ཀྱི་ཐོབ་ཐང་མེད་ལ། ས་ཞིང་གི་བདག་དབང་ཡང་མེད་པའི་དཀའ་གནས་སུ་ལྷུང་ཡོད། ༢༠༠༢ ལོར་རྒྱལ་ཁབ་དེར་ནང་འཁྲུག་བྱུང་བར་བརྟེན།ཞི་བདེའི་འཕེལ་རིམ་ཁྲོད་བྱང་བརྒྱུད་ཀྱི་གནས་སྤོས་ཡུལ་མིའི་ཕྱི་རབས་པ་འདེམ་བསྐོ་ལ་ཞུགས་ཆོག་པའི་དབང་ཆ་སྤྲད།

 

དྲུག བལ་བོར་སྡོད་པའི་འབྲུག་ཡུལ་གྱི་མི།གཞུང་ཕྱོགས་ཀྱི་གཞི་གྲངས་ལྟར་ན།བལ་བོའི་མི་འབུམ་བརྒྱད་ལ་རྒྱལ་ཁོངས་མེད་པས་གཞི་རྩའི་དབང་ཆ་སྣ་ཚོགས་སྤྱོད་ཐབས་བྲལ་ཞེས་བཀོད་ཡོད་ཀྱང་།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཤད་པ་ལྟར་ན། དོན་དངོས་ཐོག་རྒྱལ་ཁོངས་མེད་པའི་མི་འབོར་དེ་ལས་མང་བ་དང་།ལྷག་པར་འབྲུག་ཡུལ་ནས་ཡོང་བའི་རིགས་ཚོ་ཧ་ཅང་མང་།དེ་དག་གི་མི་རྒྱུད་ཕྱི་མར་སྐྱེས་ཁོངས་ཀྱི་དཔང་ཡིག་ལེན་ཐབས་མེད་པ་མ་ཟད།བལ་བོའི་སྤྱི་དམངས་ཀྱི་ཁོངས་སུའང་གཏོགས་ཐབས་བྲལ་འདུག

ལོ་བཅུ་ཕྲག་ཁ་ཤས་ཀྱི་གོང་ནས་བཟུང་བལ་བོ་སྲིད་གཞུང་གིས་བལ་བོའི་རྒྱལ་ཁོངས་ཚུད་འདོད་པའི་ཡུལ་མི་གཞན་ལ་དགོས་ངེས་ཀྱིས་བལ་བོ་ནང་ཁུལ་ནས་སྐྱེས་ཤིང་། བལ་ཡུལ་གྱི་སྐད་ཡིག་ཡང་དག་ཤེས་པ།མ་མཐའ་ཡང་བལ་བོ་ནས་ལོ ༡༠ ལ་འཚོ་སྡོད་བྱས་མྱོང་བའི་ལག་འཁྱེར་ཡོད་པ་བཅས་ཀྱི་ཆ་རྐྱེན་ལྡན་དགོས་པའི་བླང་བྱ་བཏོན།༢༠༠༧ ལོ་ནས་བཟུང་། བལ་བོས་བར་བརྒལ་རྩ་ཁྲིམས་ཕྱིར་བཀྲམས་པ་དང་། དེའི་ནང་ཕ་མ་གཉིས་ཀའི་ཕྱོགས་གཅིག་བལ་བོའི་མི་ཡིན་པ་མཐའ་དག་ལ་རྒྱལ་ཁོངས་ཐོབ་པའི་དབང་ཆ་སྤྲོད་ཆོག་པ་གཏན་འབེབས་བྱས་པ་རེད།

 

བདུན།ཐེ་ལན་གྱི་གྲངས་ཉུང་མི་རིགས།ཐེ་ལན་ནི་འཛམ་གླིང་ཐོག་རྒྱལ་ཁོངས་མེད་པའི་མི་འབོར་ཆེས་མང་པའི་རྒྱལ་ཁབ་གྲས་ཀྱི་གཅིག་ཡིན།མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་གྲངས་ལྟར་ན།ཐེ་ལན་དུ་རྒྱལ་ཁོངས་མེད་པའི་མི་གྲངས་ཧ་ལམ་འབུམ་ལྔ་དང་ཁྲི་བཞི་ཡོད་པ་དང་། དེ་ལས་མང་ཤོས་ནི་ལའོ་རིགས་དང་། ཧེ་མེང་རིགས།ཁེ་ལུན་རིགས་སོགས་མི་རིགས་གྲངས་ཉུང་ཡིན། དེ་དག་ཐེ་ལན་བྱང་རྒྱུད་ཀྱི་རི་ཁུལ་དུ་གཞིས་ཆགས་ལ་སྐད་དང་རིག་གནས་མི་འདྲ་བ་རེ་ཡོད།ཉེ་བའི་ལོ་རིང་ལ་ཐེ་ལན་སྲིད་གཞུང་གིས་རྒྱལ་ཁོངས་མེད་པའི་ཚོགས་པ་ཚད་ལྡན་དུ་གཏོང་བའི་སྲིད་ཇུས་བཏོན་ན་ཡང་། རྒྱལ་ཁོངས་མེད་པའི་མི་འབོར་གྱི་ཁ་གྲངས་དེ་སྔར་བཞིན་འཛམ་གླིང་གི་ཡང་རྩེར་སོན་ཡོད།

 

བརྒྱད།ཡོ་རོབ་ཀྱི་ལའོ་མོའི་མི། ཁུའོ་སུའོ་ཨོ་དང་སྦོ་སི་ནེ་ཡར་སྡོད་པའི་ལའོ་མོ་བ་མང་པོ་ནི་ཟིང་འཁྲུག་ལས་རྒྱལ་ཁོངས་དོར་བའི་རིགས་ཚོ་རེད། ལའོ་མོ་བ་ནི་དང་ཐོག་རྒྱ་གར་ནས་ཡོང་ཞིང་། ཕྱིས་སུ་ཡོ་རོབ་དབུས་ཁུལ་དང་ཡོ་རོབ་ཤར་རྒྱུད་དུ་འདུས་སྡོད་བྱས།ད་ཆ་རྒྱལ་ཁོངས་མེད་པའི་ལའོ་མོ་བ་ཁྲི་བདུན་ནས་བརྒྱད་ཙམ་ཡོད།ཅེ་ཁེ་སི་ལོ་ཝ་ཁེ་དང་ནན་སི་ལ་ཧྥུ་འཐོར་ཞིག་ཏུ་སོང་རྐྱེན་རིགས་ཚོ་འདི་བདག་མེད་དུ་གྱུར། གསར་བཙུགས་རྒྱལ་ཁབ་ཀྱིས་ཀྱང་ཁོ་ཚོའི་སྤྱི་དམངས་ཀྱི་ཐོབ་ཐང་ལ་ཁས་ལེན་མི་བྱེད།

ཡོ་རོབ་བདེ་འཇགས་མཉམ་ལས་ཚོགས་པ་དང་ཡོ་རོབ་མནའ་འབྲེལ་རྒྱལ་ཚོགས་གཉིས་ཀྱིས་ཉེ་བའི་ལོ་འདི་དག་ལ་རིས་སུ་བོར་བའི་རིགས་ཚོ་འདི་དག་ཁྲིམས་མཐུན་གྱི་སྤྱི་ཚོགས་སུ་ཞུགས་པར་བརྩོན་ལེན་བྱས་ཤིང་། ༢༠༠༥ ལོར་ལའོ་མོ་བའི་མི་འབོར་ཆེས་མང་བའི་ཡོ་རོབ་ཤར་མའི་རྒྱལ་ཁབ་བདུན་ལ"ལའོ་མོ་བར་ལོ་བཅུ་ལ་གཟོད་སྒོམ་བྱེད"ཅེས་པའི་ལས་འགུལ་སྤེལ་ཏེ་རིགས་རུས་དེའི་འཚོ་བ་ཇེ་ལེགས་སུ་བཏང་།

 

དགུ།ཨེ་སོ་ནི་ཡ་དང་ལ་ཐོ་ཝེ་ཡའི"སྤྱི་དམངས་མིན་པའི"རིགས་ཚོ།སུའུ་ལིན་སྔོན་མ་འཐོར་རྗེས། ཨུ་རུ་སིའི་མི་མང་ཤོས་གསར་བཙུགས་པོ་རོ་ཏེ་རྒྱ་མཚོའི་ངོགས་ཀྱི་རྒྱལ་ཁབ་ཏུ་སོར་གནས་བྱས་པ་དག་སྤྱི་དམངས་མིན་པའི་རིགས་སུ་བསྒྱུར། ཁྲིམས་ལུགས་ནང་གཏན་འབེབས་ལྟར་ན་ཁོ་ཚོར་རྒྱལ་ཁོངས་ཡོད་འདུག་ཀྱང་དོན་དངོས་ཐོག་རྩ་བའི་ཁེ་དབང་བེད་སྤྱོད་གཏོང་དུས་ཚད་བཀག་ཐེབས་ཡོད། དཔེར་ན་འདེམ་ཤོག་འཕེན་པའི་ཐོབ་ཐང་མེད་པ་ལྟ་བུ་རེད།

" སྤྱི་དམངས་མིན་པའི"རིགས་ཚོ་འདི་ནི་གཙོ་བོ་ལ་ཐོ་ཝེ་ཡ་དང་སུའུ་ལིན་སྔོན་མ་འཐོར་རྗེས་སུ་སུའུ་ལིན་སྔོན་མའི་སྐབས་ཨུ་རི་སི་ནས་ལ་ཐོ་ཝེ་ཡར་གནས་སྤར་བའི་མི་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་གྲངས་སུ། ཨེ་སོ་ནི་ཡ་དང་ལ་ཐོ་ཝེ་ཡའི"སྤྱི་དམངས་མིན་པའི"མི་འབོར་སོ་སོ་ནས་གསུམ་འབུམ་ཉིས་ཁྲི་དྲུག་སྟོང་དགུ་བརྒྱ་དང་། འབུམ་གཅིག་ལས་བརྒལ་ཡོད་པར་མངོན།

 

བཅུ། ཏོ་སྨི་ནི་ཁེའི་མཚོ་སྟེང་གི་མི།ཏོ་སྨི་ནི་ཁེ་སྤྱི་མཐུན་རྒྱལ་ཁབ་ཏུ་མཚོ་སྟེང་གི་གནས་སྤོས་ཡུལ་མིའི་རྒྱུད་ཕྱི་མ་འབུམ་ལྷག་ཡོད་ཅིང་། དུས་རབས་སྔོན་མའི་ལོ་རབས ༤༠ བར་རིགས་རུས་འདི་ཡར་སྐུལ་གྱིས་ཏོ་སྨི་ནི་ཁེར་གནས་སྤར་དུ་བཅུག་ཅིང་། དུས་དེར་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཕྱོགས་གཉིས་ཀྱི་གྲོས་མཐུན་འགོད་སྐབས་ཁོ་ཚོ་ཏོ་སྨི་ནི་ཁེའི་བུར་ཤིང་འདེབས་འཛུགས་ཀྱི་བོགས་དངུལ་ཁེ་པའི་ངལ་རྩོལ་པར་གྱུར་བའི་རེ་བ་བཅིངས། ད་ཆ་རིགས་ཚོ་དེ་དང་དེའི་ཕྱི་རབས་པ་ཡོངས་རྒྱལ་ཁོངས་མེད་པའི་མིར་གྱུར་ནས་བཙན་སྤྱུགས་ཀྱི་ཉེན་ཁར་འཕྲད་ཡོད། ༢༠༡༤ ལོར་ཏོ་སྨི་ནི་ཁེས་ཕ་མར་ཕྱི་མིའི་ཐོབ་ཐང་ར་སྤྲོད་མི་ཐུབ་ཅིང་ཏོ་སྨི་ནི་ཁེ་རང་ས་ནས་སྐྱེས་པའི་རིགས་དག་ལ་སྐྱེས་ཡིག་མེད་ཚེ། ངེས་པར་དུ་ཐོ་འགོད་བརྒྱུད་དམིགས་བསལ་གྱི་འཆར་གཞིའི་ནང་ཞུགས་ནས་ སྤྱི་དམངས་ཀྱི་ཐོབ་ཐང་ལེན་ཆོག་པའི་ཁྲིམས་ལུགས་བཏོན་ཡང་དེ་ལ་དང་དོད་བྱེད་མཁན་ཉུང་བས་ཧ་ཅང་སེམས་ཁྲལ་དགོས་པའི་གནས་སུ་ལྷུང་ཡོད། ༢༠༡༤ ལོའི་ཟླ ༡༠ བར། གླིང་ཆེན་ཨ་མེ་རི་ཁའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་ཁང་གིས། ཁྲིམས་ལུགས་དེས་གླིང་ཆེན་ཨ་མེ་རི་ཁའི་མིའི་ཐོབ་ཐང་སྤྱི་ཆིངས་གི་འབྲེལ་ཡོད་གཏན་འབེབས་དང་འགལ་ཡོད་ཚུལ་ཁྱབ་བསྒྲགས་གནང་བ་རེད།(རྩོམ་འགན་པ། སྒྲོལ་ཚེ)

འབྲེལ་ཡོད་རྩོམ་ཡིག