ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

༢༠༡༥ ལོའི་འཛམ་གླིང་འཕྲུལ་མིའི་ཚོགས་ཆེན་དེ་ཟླ ༡༡ པར་འཚོག་རྒྱུ་ཡིན་འདུག

2015-06-10
   2015ལོའི་འཛམ་གླིང་གི་འཕྲུལ་མིའི་ཚོགས་ཆེན་གྱིས་གོང་ཚེས་ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ཐུན་མོང་ཐོག་གཉེར་རྒྱུའི་2015ལོའི་འཛམ་གླིང་གི་འཕྲུལ་མིའི་ཚོགས་ཆེན་དེ་2015ལོ་ཟླ་11པའི་ཚེས་23ནས་25ཉིན་བར་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་འཚོག་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་འདུག
   ད་ཐེངས་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“མཉམ་ལས་དང་མཉམ་འདྲེས་ཀྱིས་གཉིས་ཕན་གཏོད། རིག་ནུས་ལྡན་པའི་སྤྱི་ཚོགས་ལ་སྣེ་ཁྲིད་བྱེད”ཅེས་པ་དེ་ཡིན་པ་དང་། 2015ལོའི་འཛམ་གླིང་གི་འཕྲུལ་མིའི་གླེང་སྟེགས་དང་། 2015ལོའི་འཛམ་གླིང་གི་འཕྲུལ་མིའི་དངོས་མང་སྟོན་ཚོགས། 2015ལོའི་འཛམ་གླིང་གི་གཞོན་ནུ་ལོ་ཆུང་གི་འཕྲུལ་མིའི་གདན་ཞུའི་འགྲན་བསྡུར་ཆེན་པོ་གསུམ་ལས་གྲུབ་པ་དང་། དེའི་ནང་2015ལོའི་འཛམ་གླིང་གི་འཕྲུལ་མིའི་གླེང་སྟེགས་ཐོག་ཨ་རི་དང་། འཇར་མན། ཉི་ཧོང་སོགས་རྒྱལ་ཁབ་ཀྱི་གྲགས་ཅན་རིགས་གཅིག་མཁས་ཅན་དང་ཁེ་ལས་མཁས་ཅན་གདན་དྲངས་ཏེ་འཕྲུལ་མིའི་མ་འོངས་པའི་ཚན་རིག་ཞིབ་འཇུག་དང་། འཕེལ་རྒྱས་ལག་རྩལ་གྱི་ལམ་ཕྱོགས། འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཞིབ་འཇུག་བྱེད་པ་སོགས་ཀྱི་གནད་དོན་གཙོ་བོའི་སྙན་ཞུ་དང་ཞིབ་དཔྱད་སྤེལ་རེས་བྱ་རྒྱུ་དང་། དངོས་མང་སྟོན་ཚོགས་དེའི་ཐོག་འཕྲུལ་མིའི་ཁྱབ་ཁོངས་ཀྱྱི་འཛམ་གླིང་གི་གྲགས་ཅན་ཚན་རིག་ཞིབ་འཇུག་སྒྲིག་གཞི་དང་། མཐོ་སློབ། ཁེ་ལས་བཅས་གདན་འདྲེན་ཞུས་ནས་ཡིད་དབང་འཕྲོག་ནུས་ཆེན་པོ་ལྡན་པའི་རྣམ་པ་སྣ་ཚོགས་སྤྱད་པ་དེའི་ནང་དུ་བཟོ་ལས་འཕྲུལ་མི་དང་། ཞབས་ཞུའི་འཕྲུལ་མི། དམིགས་བསལ་འཕྲུལ་མི་བཅས་ཚུད་པའི་འཛམ་གླིང་གི་འཕྲུལ་མིའི་ཁྱབ་ཁོངས་ཀྱྱི་ཚན་ཞིབ་གྲུབ་འབྲས་གསར་པ་དང་། ཉེར་སྤྱོད་ཐོན་རྫས། ཐག་གཅོད་ཇུས་གཞི་བཅས་གཅིག་སྡུད་ཐོག་མངོན་པར་བྱ་རྒྱུ། གདན་ཞུའི་འགྲན་བསྡུར་དེའི་ནང་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་10 ལྷག་ཙམ་གྱི་འཐུས་མི་རུ་ཁག་130གདན་ཞུ་བྱས་ནས་འགྲན་བསྡུར་ནང་ཞུགས་རྒྱུ་རེད་འདུག
   ཚོགས་ཆེན་རང་གྲབས་བྱས་པ་ནས་བཟུང་རྒྱལ་སྤྱིའི་གྲགས་ཅན་རྩ་འཛུགས་དང་། ཁེ་ལས་དང་གྲགས་ཅན་མཁས་དབང་རྣམས་ཀྱིས་དང་ལེན་ཧུར་ཐག་ཞུས་པ་དང་། སྔོན་དཔག་བྱས་ན་སྐབས་འདིར་མི་ཐེངས་ཁྲི་4 ཚོགས་ཆེན་ལ་ཞུགས་རྒྱུ་རེད། རིགས་གཅིག་མཁས་ཅན་གྱིས་2015 ལོའི་འཛམ་གླིང་གི་འཕྲུལ་མིའི་ཚོགས་ཆེན་ཐོག་འཕྲུལ་མིའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་མཉམ་སྒྲུབ་གསར་གཏོད་ཀྱི་ལས་སྟེགས་བསྐྲུན་ནས་འཕྲུལ་མིའི་འཕེལ་རྒྱས་ཀྱི་འཐབ་ཇུས་བཟོ་ཆེད་ཐབས་ཇུས་ཀྱི་དཔྱད་གཞི་མཁོ་འདོན་བྱ་རྒྱུ་ཡིན་པ་དེ་ནི་འཛམ་གླིང་གི་འཕྲུལ་མིའི་ཁྱབ་ཁོངས་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་ཏུ་འགྱུར་རྒྱུ་ཡིན་པའི་ངོས་འཛིན་བྱས་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག