མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་པེ་ཅིང་ལུགས་ཀྱི་ཟླ༡པོའི་ཚེས༧ཉིན་གྱི་ཞོགས་པ་སྔ་མོར་གསང་བའི་གྲོས་མོལ་བྱས།
བྱང་ཁོ་རེ་ཡའི་ཉིང་རྡུལ་ཚོད་ཞིབ་ཀྱི་བྱེད་སྤྱོད་དེར་མཉམ་འབྲེལ་རྒྱལ་ཚོགས་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགག་རྒྱག་ཚ་འུར་བྱས་འདུག། མཉམ་འབྲེལ་རྒྱལ་ཚོགས་གཞུང་ཕྱོགས་ཀྱི་པོད་འཕྲིན་དུ། ཟླ ༡ པོའི་ཚེས ༧ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝན་གྱིས་རྒོལ་གཏམ་གསལ་བསྒྲགས་བྱས་ཤིང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་བྱང་ཁོ་རེ་ཡའི་ཉིང་རྡུལ་ཚོད་ཞིབ་ཀྱི་དོན་དག་དེ་གསང་བའི་གྲོས་མོལ་བྱས་སྐོར་གྱི་གནས་ཚུལ་བཀོད་པ་རེད།
ཤིན་ཧྭ་དྲ་བས་ཟླ ༡ པོའི་ཚེས ༦ ཉིན་སྤེལ་བའི་གནས་ཚུལ་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་གཞུང་སྒྲུབ་ཁང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཉིན་རེའི་ལས་རིམ་ཕྱིར་བསྒྲགས་པ་ལས། "ཁྱབ་མཆེད་སྔོན་འགོག་དང་བྱང་ཁོ་རེ་ཡ"ཞེས་པ་བརྗོད་གཞིར་བཟུང་སྟེ་ཡུལ་དེའི་ལུགས་ཀྱི་ཟླ ༡ པོའི་ཚེས ༦ ཉིན་གྱི་ཆུ་ཚོད ༡༡ ཐོག་སྟེ་པེ་ཅིང་ལུགས་ཀྱི་ཟླ ༡ པོའི་ཚེས ༧ ཉིན་གྱི་ཆུ་ཚོད ༡༢ ཐོག་གསང་བའི་གྲོས་མོལ་བྱ་རྒྱུ་བཀོད་སྒྲིག་བྱས་འདུག ད་སྔ་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་གྲོས་མོལ་གྱི་མཇུག་འབྲས་ག་འདྲ་ཡིན་སྐོར་གསལ་ཆ་མི་འདུག
བྱང་ཁོ་རེ་ཡས ༢༠༠༦ ལོར་ཉིང་རྡུལ་ཚོད་ཞིབ་སྐོར་ཁྱབ་བསྒྲགས་བྱས་ཤིང་།གྲོས་ཆོད་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁ་རྡུང་ནན་མོ་བཏང་ནས་བྱང་ཁོ་རེ་ཡ་ལ་དེ་མུར་བཀག་སྡོམ་བྱེད་ཐབས་བཏོན། ༢༠༠༩ ལོ་དང ༢༠༡༣ ལོར་བྱང་ཁོ་རེ་ཡས་ཡང་བསྐྱར་ཉིང་རྡུལ་ཚོད་ཞིབ་བྱེད་སྐོར་ཁྱབ་བསྒྲགས་བྱས་རྗེས་སུ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ལ་གཞིགས་ནས་ཁ་རྡུང་དང་བཅས་ཡང་བསྐྱར་བཀག་སྡོམ་བྱེད་ཐབས་བཏོན། བྱེད་ཐབས་ནང་དུ་དྲག་ཆས་སྐྱེལ་འདྲེན་མི་རུང་བ་དང་། ཉིང་རྡུལ་དང་། མདེལ་ལམ་ཅན་གྱི་འཕུར་མདའ། དེ་མིན་གཞི་ཁྱོན་ཆེ་བའི་རྩ་གཏོར་རང་བཞིན་གྱི་དྲག་ཆས་ཇུས་འགོད་དང་འབྲེལ་བའི་དྲག་ཆས་སྐྱེལ་འདྲེན་བྱེད་མི་རུང་བ། མིང་ཐོར་ཚུད་པའི་མི་སྒེར་དང་སྡེ་གཞི་ལག་བསྟར་གྱི་འགྲུལ་སྐྱོད་བཀག་སྡོམ་དང་རྒྱུ་ནོར་བཅད་བསྡམས་བཅས་བྱས་ཏེ་དངུལ་རྩའི་ཞབས་ཞུ་ལ་སོགས་མཁོ་འདོན་ལ་བཀག་འགོག་བྱ་རྒྱུ་སོགས་ཚུད་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཕྱོགས་པོད་འཕྲིན་གྱིས་ཟླ ༡ པོའི་ཚེས ༧ ཉིན་གྱི་ཞོགས་པའི་ཆུ་ཚོད ༢ ཐོག་སྤེལ་བའི་གནས་ཚུལ་ལྟར་ན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚ་ཚ་འུར་འུར་གྱིས་གྲོས་མོལ་བྱས་རྗེས་གསར་ལམ་དུ་གསལ་བསྒྲགས་སྤེལ་ཏེ། བྱང་ཁོ་རེ་ཡས་ཉིང་རྡུལ་ཚོད་ཞིབ་ལ་ཁ་རྡུང་ཚ་ནན་བཏང་འདུག གསལ་བསྒྲགས་ནང་དུ། ཚོད་ཞིབ་དེ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དང་ཁྱབ་ཆེར་མཆེད་མི་རུང་བའི་ལམ་ལུགས་ལ་རྒྱབ་འགལ་དང་། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་དྲག་གནོན་བར་མེད་བྱས་པའི་བྱེད་སྤྱོད་ཡིན་པས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ནང་། གལ་སྲིད་བྱང་ཁོ་རེ་ཡས་ཉིང་རྡུལ་ཚོད་ཞིབ་ཡང་བསྐྱར་བྱེད་ཙ་ན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འགུལ་སྐྱོད་སྔར་བས་དྲག་པོ་འདོན་རྒྱུ་སྐོར་སྔོན་ཆད་ནས་བཏོན་ཡོད། དེ་བཞིན་དུ་ད་སྔ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་གསར་བ་འདོན་པར་གྲ་སྒྲིག་བྱེད་བཞིན་ཡོད་ལ། གྲོས་ཆོད་གསར་བ་བཏོན་རྗེས་སུ་བྱང་ཁོ་རེ་ཡའི་བྱེད་སྤྱོད་དེར་རྒོལ་རྡུང་དྲག་པོ་གཏོང་རྒྱུ་རེད།
ཟླ ༡ པོའི་ཚེས ༦ ཉིན་གྱི་ཆུ་ཚོད ༢༣ ཐོག གཞུང་ཕྱོགས་པོད་འཕྲིན་དེས་གནས་ཚུལ་སྤེལ་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེ་མོ་ཕན་ཅི་ཝན་གྱིས་བྱང་ཁོ་རེ་ཡས་ས་འོག་ཏུ་ཉིང་རྡུལ་ཚོད་ལྟ་ཞིབ་འཇུག་བྱེད་པར་རྒོལ་གཏམ་སྤེལ། ཕན་ཅི་ཝན་གྱིས། བྱེད་སྤྱོད་དེས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལ་རྒྱབ་འགལ་དྲག་པོ་བྱས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་འདུན་དང་བྱེད་སྤྱོད་དེ་མཚམས་འཇོག་དགོས་པའི་འབོད་སྐད་སྣང་མེད་དུ་བསྐྱར་བ་དང་། འཛེམ་དོགས་ཅི་ཡང་མེད་པར་ཉིང་རྡུལ་ཚོད་ཞིབ་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་དང་རྒྱབ་འགལ་བཅས་བྱས་ཏེ། མངའ་ཁོངས་ཀྱི་བདེ་འཇགས་ལ་གཡོ་འགུལ་ཇེ་དྲག་དང་། རྒྱལ་སྤྱིའི་ཁྱབ་མཆེད་སྔོན་འགོག་གི་བརྩོན་སེམས་ལ་གཏོར་བརླག་ཚབས་ཆེན་བཟོས་ནས་མི་རྣམས་ཀྱི་བློ་སེམས་བདེ་བོར་དཀྲོག་རྐྱེན་བཏང་ཡོད་སྐོར་བསྟན་ཐོག བྱང་ཁོ་རེ་ཡའི་ངེས་པར་དུ་ཉིང་རྡུལ་རིགས་ཀྱི་བྱེད་སྤྱོད་གང་རུང་སྤེལ་མཚམས་འཇོག་དགོས་པའི་བླང་བྱ་གསལ་བསྟན་བྱས་འདུག