སྲིད་ཀྱི་གནས་བབ་ཇེ་མཐོར་འགྲོ་བ་དང་། འཕེལ་རྒྱས་ཆེད་དུ་བྱས་རྗེས་འབུར་དུ་གཏོད། བུད་མེད་ཁྲི་ཕྲག་དུ་མས་བོད་ལྗོངས་ཀྱི་“གནམ་གྱི་ཕྱེད་ཀ་”བཏེགས།
བོད་ལྗོངས་རྙིང་པར། བུད་མེད་ལ་“སྐྱེས་དམན་”ཞེས་པ་སོགས་ཟུར་ཟ་དང་མཐོང་ཆུང་གི་ཚིག་མང་པོ་བེད་སྤྱོད་བྱེད་ཀྱི་ཡོད་ལ། དངོས་ཡོད་ཀྱི་འཚོ་བའི་ཁྲོད་དུའང་བུད་མེད་ལ་གནས་བབ་མཐོ་པོ་མེད། བོད་ལྗོངས་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན། རང་ལྗོངས་ཀྱི་བུད་མེད་ཀྱི་གནས་བབ་ཇེ་མཐོར་སོང་བ་དང་། དམངས་གཙོ་ཁྲིམས་སྐྱོང་། དཔལ་འབྱོར་འཛུགས་སྐྲུན། སྤྱི་ཚོགས་གོང་འཕེལ་སོགས་ཀྱི་ཁྱབ་ཁོངས་ནང་ཁོ་མོ་ཚོས་བོད་ལྗོངས་ཀྱི་“གནམ་གྱི་ཕྱེད་ཀ་”འདེགས་བཞིན་ཡོད།
གསར་འགོད་པས་རང་སྐྱོང་ལྗོངས་བུད་མེད་མཉམ་ཚོགས་ནས་གནས་ཚུལ་ཤེས་གསལ། རང་སྐྱོང་ལྗོངས་ཀྱི་སྤྱི་ལོ་2015ལོའི་ལོ་འཁོར་སྡོམ་རྩིས་ལས་མངོན་པར། རང་ལྗོངས་ཀྱི་ད་ཡོད་བུད་མེད་ཁྲི་156.56ཡོད། བུད་མེད་ཀྱི་ཆབ་སྲིད་ཀྱི་གནས་བབ་ཇེ་མཐོར་འགྲོ་བ་དང་། བུད་མེད་གཞུང་ཞབས་པ་མི་གྲངས་ཁྲི་1.9ཟིན་པས། གཞུང་ཞབས་པ་སྤྱིའི་མི་གྲངས་ཀྱི་33.8%ཟིན། ས་གནས་(གྲོང་ཁྱེར་)རིམ་པའི་སྲིད་གཞུང་འགོ་ཁྲིད་ཁྲོད་དུ་བུད་མེད་ལས་བྱེད་པ་བཀོད་སྒྲིག་བྱེད་ཚད་85.71%ཟིན་པ། རྫོང་རིམ་པའི་སྲིད་གཞུང་གི་འགོ་ཁྲིད་ནང་དུ་བུད་མེད་ལས་བྱེད་པ་བཀོད་སྒྲིག་བྱེད་ཚད་74.32%ཟིན་པ། ལྗོངས་ཐད་གཏོགས་ཀྱི་ལས་ཁུངས་74ཡི་འགོ་ཁྲིད་ནང་བུད་མེད་འགོ་ཁྲིད་ལས་བྱེད་པ་བཀོད་སྒྲིག་བྱེད་ཚད་65%ཟིན་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན། དེ་བཞིན་ཁེ་ལས་པ། ཕྱུག་འགྱུར་སྣེ་ཁྲིད་པ་སོགས་འཐུས་ཚབ་ཏུ་གྱུར་པའི་མི་སྣའི་ཁྲོད་དུ། བུད་མེད་ཀྱི་བསྡུར་ཚད་དེ་ཇེ་མཐོར་འགྲོ་བཞིན་ཡོད།
བོད་ལྗོངས་རྙིང་པའི་བུད་མེད་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཁེ་དབང་ནི་རྩ་བ་ནས་མེད་ཅིང་། བུ་ཕྲུག་སྐྱེ་གསོ་བྱེད་པ་ནི་ཁོ་མོ་ཚོའི་ངོས་ནས་འཆད་ན་རྐྱེན་ངན་བར་ཆད་ཅིག་ཏུ་གྲུབ་པ་དང་། སྦྲུམ་མ་འཆི་ཚད་དེ་ཁྲི་5000/10ཟིན། དེང་སྐབས། རང་ལྗོངས་སུ་ས་གནས་(གྲོང་ཁྱེར་)དང་། རྫོང་རིམ་པའི་བུད་མེད་དང་ཕྲུ་གུའི་བདེ་སྲུང་ལས་ཁུངས་བཙུགས་ཡོད་པ་དང་། རང་ལྗོངས་སུ་སྦྲུམ་མ་འཆི་ཚད་དེ་ཁྲི་108.86/10མར་ཆག་ཡོད། ཞིང་འབྲོག་པའི་སྦྲུམ་མ་ནད་སྡོད་བུ་བཙའ་བྱེད་རིགས་ལ་སྨན་རིན་ཡོངས་སུ་རྩིས་ཞུ་བྱེད་པའི་ལམ་ལུགས་ལག་བསྟར་བྱས།
དམངས་གཙོའི་བཅོས་སྒྱུར་གྱི་སྔོན་དུ། རང་ལྗོངས་ཀྱི་བུད་མེད་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་མེད་ཅིང་། 90%ཡན་གྱི་བུད་མེད་ནི་ཡིག་རྨོངས་པ་རེད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། རང་ལྗོངས་ཀྱི་བུད་མེད་དང་བྱིས་པར་སློབ་གསོ་ཐོབ་ཚད་ཇེ་མཐོར་སོང་བ་དང་། སློབ་ཆུང་ལོ་རན་བྱིས་པ་སློབ་གྲྭར་ཞུགས་ཚད་གཙང་མ་99.59%ཟིན་ཞིང་། བུ་མོ་སློབ་ཞུགས་བྱེད་ཚད་སྤྱིར་99.53%ཟིན་པ། སློབ་འབྲིང་དུས་རིམ་དུ་སློབ་ཞུགས་བྱེད་ཚད་98.75%ཟིན་ཞིང་། བུ་མོ་སློབ་ཞུགས་བྱེད་ཚད་99.89%ཟིན་པ། དེང་གི་ཆར། བོད་ལྗོངས་སུ་བུད་མེད་ལོ་ན་དར་ལ་བབས་པས་ཡིག་ངོ་ཆོད་ཚད་82%ཡན་ཟིན་པ་དང་། གཞོན་དར་གྱིས་ཡིག་ངོ་ཆོད་ཚད་98%ཟིན། བུད་མེད་མཐོ་རིམ་ཆེད་ལས་ལག་རྩལ་མི་སྣས་སྤྱིའི་བསྡོམས་འབོར་གྱི་31.9%ཟིན་ཡོད།
བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་སྔར་བས་འགན་སྲུང་ཐུབ་ཆེད། རྩ་འཛུགས་ལས་ཁུངས་མུ་མཐུད་འཐུས་ཚང་དུ་བཏང་ཞིང་། རང་ལྗོངས་སུ་བུད་མེད་ལྷན་ཚོགས་རྩ་འཛུགས་འཛུགས་སྐྲུན་བྱེད་ཚད་དེ་ས་གནས་(གྲོང་ཁྱེར་)7གྱི་ཚུན་(སྡོད་གནས་)5451དང་། ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པ། དམག་དཔུང་། ཨ་ཎིའི་དགོན་པ་སོགས་སུ་ཁྱབ་ཡོད་པ་དང་།“བུད་མེད་ཀྱི་ཁྱིམ་གཞིས་”4000བཙུགས་པ། 《བོད་རང་སྐྱོང་ལྗོངས་བུད་མེད་གོང་འཕེལ་འཆར་འགོད་(2011-2015)》ལག་བསྟར་བྱེད་པའི་ཁྲོད། ཕྱོགས་ཡོངས་ནས་བདེ་ཐང་དང་། སློབ་གསོ། དཔལ་འབྱོར། གྲོས་ཐག་གཅོད་པ་དང་དོ་དམ། སྤྱི་ཚོགས་འགན་སྲུང་སོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་7དང་། འགན་འཁྲིའི་རྣམ་གྲངས་གཙོ་གྲས་57དང་སྐབས་བསྟུན་བྱ་ཐབས་རྣམ་གྲངས་85ལག་བསྟར་བྱས།
རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བ་དང་བསྟུན་ཏེ། བུད་མེད་ཀྱི་ཁྲོད་དུ་“ཐོག་མ་”མང་པོ་ཞིག་ཐོན་གྱི་ཡོད་དེ། བོད་རིགས་ཀྱི་བུད་མེད་གླུ་མ་ཐོག་མ་ཚེ་བརྟན་སྒྲོལ་མ་དང་། བྱང་བརྒྱུད་ནས་ཇོ་མོ་གླང་མར་འཛེགས་མཁན་གྱི་བུད་མེད་ཐོག་མ་ཕན་ཐོགས། བུད་མེད་འབུམ་རམས་པ་ཐོག་མ་སྒྲོལ་དཀར། བུད་མེད་ཁྲིམས་རྩོད་ཐོག་མ་དབྱངས་ཅན། འཛམ་གླིང་རིམ་པའི་བུད་མེད་སྦེར་ག་རྩེད་མཁན་རྩེ་གྲས་ཤི་ལོག་སྒྲོལ་མ་སོགས་ཐོན་པ་དང་། ད་དུང་“རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་”ཐོབ་མཁན། རྒྱལ་ཡོངས་གསུམ་བརྒྱད་དར་དམར་བ། རྒྱལ་ཡོངས་ལྷད་མེད་ལྗང་མདོག་ཅན་གྱི་བུད་མེད་གཟེངས་ཐོན་པ་སོགས་མིག་ལྟོས་སུ་གྱུར་པའི་འཐུབ་མི་མང་པོ་བྱུང་། ཁོ་མོ་ཚོས་བོད་ལྗོངས་གསར་པའི་བུད་མེད་ཀྱི་རང་བརྩི། རང་རྟོན། རང་རྐྱ་ཐུབ་པ། རང་སྟོབས་ལྡན་པའི་དུས་རབས་ཀྱི་རྣམ་པ་གསར་པ་མངོན་པར་བྱས་པ་དང་། རང་ལྗོངས་སུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་པར་མེད་དུ་མི་རུང་བའི་སྟོབས་ཤུགས་ཤིག་ཏུ་གྲུབ།