ཁྲེན་ཆོན་གོས་གསུང་བཤད་གནང་བ་དང་། པད་མ་འཕྲིན་ལས་ཀྱིས་གཙོ་སྐྱོང་གནང་བ། བློ་བཟང་རྒྱལ་མཚན་ དང་། ཝུའུ་དབྱིང་ཅེ། ཏེང་ཞའོ་ཀང་བཅས་ཕེབས་པ།
ཟླ་4ཚེས་5ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུ་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
ཚེས་5ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུ་འཚོགས་ནས་དུས་བབ་གསར་པའི་འོག་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ལ་བཀོད་སྒྲིག་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཏེའོ་གོ་ཤིན་དང་། ཆེ་དགྲ་ལྷ། ནོར་བུ་དོན་གྲུབ། རྡོ་ཐོགས། ཏིང་ཡེ་ཤན། ཝང་རུའེ་ལེན། ཝང་གཡུང་ཅུན། ཅང་ཅེ་བཅས་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པ་རྒན་གྲས་པ་སངས་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཁྲེན་ཆོན་གོས་གསུང་བཤད་གནང་སྐབས། ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱི་རང་ཐག་རང་གཅོད། ཁྲིམས་ལྟར་བོད་སྐྱོང་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ཁྲིམས་ལྟར་སྒྲུབ་པ། འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ། གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ལས་དོན་སྤེལ་བ། མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། དབྱར་མཚོ་རྒྱས་པ་ལྟ་བུའི་གསོན་ཤུགས་མངོན་པར་བྱེད་པ་བཅས་ཀྱི་ཐོག་ནས་རང་ལྗོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་དང་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
ཁྲེན་ཆོན་གོས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་འཐུས་ཚོགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་ཐད་བསམ་བློ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་བ་དེ་ཐོག་ནས་རྒྱལ་ཁབ་འཛུགས་སྐྱོང་གི་རྩ་བའི་ཆབ་སྲིད་ལམ་ལུགས་དང་། མི་དམངས་དམངས་གཙོའི་དབང་ཆ་འགན་ལེན་གྱི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ཀྱི་འཆར་གཞི་གསར་པ་ཞིག་བཀོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱི་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་གནང་བ་དེར་རིགས་པའི་གཞུང་ལུགས་ཀྱི་རང་བཞིན་དང་། འཐབ་ཇུས་ཀྱི་རང་བཞིན། དམིགས་སའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། དེ་ནི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད་ལ། དུས་བབ་གསར་པའི་འོག་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོར་སྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་ཚན་རིག་དང་མཐུན་པའི་སྟོན་ཕྱོགས་ཞིག་ཀྱང་རེད། ང་ཚོས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་བླངས་ཏེ་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
ཁྲེན་ཆོན་གོས་མཛུབ་སྟོན་གནང་དོན། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ནི་ཏང་དང་རྒྱལ་ཁབ་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་བསྟུན་པ་དང་དེར་ཞབས་འདེགས་ཞུ་དགོས་པ་སྟེ། གཅིག་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་ཤིང་། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་གཡོ་འགུལ་སྤུ་ཙམ་མི་གཏོང་བའི་སྒོ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་ནན་ཏན་བྱེད་པ། མི་དམངས་འཐུས་ཚོགས་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་སྟངས་འཛིན་བརྟན་པོ་བྱེད་པ། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་བལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ། དུས་གང་རུང་དང་གནས་ཚུལ་གང་རུང་གི་འོག་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཚང་མ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་བྱེད་པ་བཅས་ཀྱི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ལ་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་དང་། བརྩི་སྲུང་། བློ་དཀར་སེམས་དཀར་བཅས་བྱེད་དགོས་པ་དང་། གཉིས་ནས་ས་གནས་ཀྱི་ཁྲིམས་འཛུགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཤིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྤྱིའི་བླང་བྱར་ཐོག་མཐའ་བར་གསུམ་དུ་གཞིགས་པ་དང་། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཁྱད་ཆོས་དངོས་དང་འཚམ་པ་དང་ཅུང་འཐུས་སྒོ་ཚང་བའི་ས་གནས་ཀྱི་ཁྲིམས་སྲོལ་མ་ལག་ཧུར་ཐག་ཆགས་པ་བྱེད་དགོས་པ་དང་། སྒྱུར་འཕེལ་བརྟན་གསུམ་གྱི་དགོས་མཁོ་དང་རང་འགུལ་ངང་འཚམ་པ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲིམས་འཛུགས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྤྱི་ཚོགས་ཀྱི་སྤྱི་དམངས་ཁྲིམས་འཛུགས་ལས་དོན་ནང་ཞུགས་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲིམས་འཛུགས་ཀྱི་དམངས་འདོད་རྨང་གཞི་དང་ངོས་འཛིན་གཅིག་མཐུན་གྱི་རྨང་གཞི་བརྟན་དུ་གཏོང་དགོས་པ། ཆུས་བཙུགས་པའི་གྲོང་ཁྱེར་དུ་ས་གནས་ཁྲིམས་འཛུགས་དབང་ཆ་སྤྲོད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲིམས་འཛུགས་སྒྲིག་གཞི་འཛུགས་སྐྱོང་ལ་དམ་འཛིན་ལྷོད་མེད་བྱེད་དགོས་པ། གསུམ་ནས་ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས་ཤིང་། རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་རང་འགུལ་ངང་ལྟ་སྐུལ་བྱེད་ཕོད་པ་དང་། ལྟ་སྐུལ་བྱེད་སྟངས་གསར་གཏོད་བྱེད་པ། ལྟ་སྐུལ་གྱི་གཙོ་གནད་སྟངས་འཛིན་བྱེད་པ་བཅས་ཀྱི་ཐོག་ནས་ལྟ་སྐུལ་གྱི་འགག་རྩར་དམ་འཛིན་བྱེད་དགོས་པ་དང་། “སྲིད་གཞུང་གཅིག་དང་ཁང་གཉིས”ཀྱིས་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱས་ནས་དབང་ཆ་ཡོད་ན་ངེས་པར་དུ་འགན་འཁྲི་ཡོད་པ་དང་། དབང་ཆ་སྤྱོད་སྐབས་ལྟ་སྐུལ་དང་ལེན་བྱེད་པ། ཁྲིམས་དང་འགལ་ན་ངེས་པར་དུ་རྩད་གཅོད་ཐུབ་པ་བཅས་བྱེད་དགོས་པ། གནད་དོན་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་དང་། ལྟ་སྐུལ་གྱི་ཕན་འབྲས་ལ་སྣང་ཆེན་བྱས་ནས་ལྟ་སྐུལ་བྱེད་རིམ་བཞིན་ཚང་མ་དམ་འཛིན་མཐར་ཕྱིན་པ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་པ། བཞི་ནས་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། འཐུས་མིའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་། འཐུས་མིའི་འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་བཏང་ནས་འཐུས་མིའི་འགན་འཁྲི་སྒྲུབ་པའི་དངོས་ཕན་ཆེ་རུ་གཏོང་དགོས་པ་དང་། འཐུས་མིའི་ལས་དོན་གྱི་སྒུལ་ཤུགས་ཆེ་རུ་བཏང་སྟེ་ཕྱོགས་མང་པོ་དང་རིམ་པ་མང་པོའི་ཐོག་ནས་འཐུས་མིས་འགན་འཁྲི་བསྒྲུབ་རྒྱུར་ཞབས་ཞུའི་འགན་ལེན་ཡག་པོ་བྱེད་དགོས་པ། མང་ཚོགས་དང་འབྲེལ་བ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འཐུས་མིས་འགན་འཁྲི་བསྒྲུབ་རྒྱུར་དམངས་འདོད་ཀྱི་རྨང་གཞི་དང་སྤྱི་ཚོགས་ཀྱི་ལག་ལེན་རྨང་གཞི་ཟབ་མོ་ལྡན་པ་བྱེད་དགོས་པ། འཐུས་མིའི་འདེམས་བསྐོའི་ལམ་ལུགས་ཚད་ལྡན་དུ་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འདེམས་བསྐོའི་གཞུང་དྲང་འགན་ལེན་བྱེད་དགོས་པ། ལྔ་ནས་གཏན་འབེབས་དོན་ཚན་ལ་ཁྲིམས་ལྟར་གྲོས་བསྡུར་བྱེད་དགོས་ཤིང་། ཕྱོགས་གཅིག་ནས་ཏང་ཨུད་ཀྱི་ཇུས་ཐག་གཅོད་དབང་དང་མི་དམངས་འཐུས་ཚོགས་ཀྱི་ཐག་གཅོད་དབང་ཆ་དབར་གྱི་འབྲེལ་བ་སྟངས་འཛིན་བརྟན་པོ་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཏང་གིས་ལས་བྱེད་པར་དོ་དམ་བྱ་རྒྱུ་དང་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་འདེམས་བསྐོ་དང་ལས་བྱེད་པ་བསྐོ་འཐེན་དབར་གྱི་འབྲེལ་བ་སྟངས་འཛིན་བརྟན་པོ་བྱེད་དགོས་པ། རྩ་ཁྲིམས་ཀྱི་དམ་འཇོག་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་རིམ་ཁག་རྒྱལ་ཁབ་ལས་དོན་མི་སྣ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པའི་རྩ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་དགོས་པ། དྲུག་ནས་རྫོང་དང་ཤང་མི་དམངས་འཐུས་ཚོགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཡིག་ཆ་ལག་བསྟར་དང་དོན་འཁྱོལ་ཡག་པོ་བྱེད་པ་དང་། རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འདེམས་བསྐོ་ལས་དོན་ཁྲིམས་ལྟར་ཡག་པོ་སྒྲུབ་པ། རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་ལས་དོན་ཞིབ་ཚགས་ངང་ཡག་པོར་སྒྲུབ་པ། རྫོང་དང་ཤང་གི་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་རང་ངོས་འཛུགས་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། བདུན་ནས་མི་དམངས་འཐུས་ཚོགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། བསམ་བློ་འཛུགས་སྐྱོང་གི་རྩ་བ་དེ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཕུགས་བསམ་དད་སེམས་ཀྱི་སློབ་གསོ་ཤུགས་ཆེན་གཏོང་བ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ནན་པོ་སྲུང་དགོས་པ་དང་། དཔུང་ཁག་འཛུགས་སྐྱོང་གི་ལྟེ་བ་དེ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་ཆེད་དོན་ཨུ་ལྷན་གྱི་མིག་སྔའི་གྲུབ་ཆ་ལེགས་སུ་བཏང་ནས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱེད་དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་དགོས་པ། ལམ་ལུགས་འཐུས་ཚང་དུ་གཏོང་བའི་གཙོ་གནད་དེ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ལས་ཀའི་སྒྲིག་སྲོལ་ཁག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཐད་བརྩི་སྲུང་བྱེད་རྒྱུའི་སྒྲིག་སྲོལ་ཡོད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས་པ། སྤྱོད་ཚུལ་འཛུགས་སྐྱོང་གི་འགན་ལེན་དེ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་ཆེ་རུ་གཏོང་བ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་ཀྱི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་བཅས་རེད།