“ཧྥ་རན་སེའི་ཀུང་སི་ཞིག་གིས་ཨ་ལི་པ་པ་ལས་སྟེགས་བརྒྱུད་ང་ཚོའི་ས་ནས་འདྲེ་ཚེར་མ་དམར་པོ་ཏུན་1200མངགས་ཉོ་བྱས་པ་དེ་ཁོ་ནའི་ཉོ་ཚོང་དངུལ་འབོར་མི་དམངས་ཤོག་སྒོར་ཁྲི་5000ཟིན་གྱི་ཡོད”ཅེས་མཚོ་སྔོན་གཏེར་ལེན་ཁ་དབྱི་ཧོ་ཧྲན་ཞིང་འབྲོག་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་མ་དབྱི་སི་ཕུའུ་ཡིས་བཤད་པ།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ནི་མཚོ་སྔོན་ཞིང་ཆེན་གྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་འགྲོ་མགྱོགས་པའི་ས་ཆ་ཞིག་ཡིན་ཞིང་། དྲ་ཐོག་ཚོང་ལས་ཁེ་ལས་ཀྱིས་དྲ་ཐོག་མཚམས་སྦྱོར་མངགས་ཉོ་དང་ས་ཆ་དངོས་སུ་འགྲེམས་སྟོན་ཉོ་ཚོང་གསབ་རེས་དང་མཉམ་བསྲེས་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་བྱ་ཆེད་མཚོ་ནུབ་ཀྲོའུ་ཡིས་ན་ནིང་ཟླ་7པར་ཀྲུང་གོ·མཚོ་སྔོན་ཚྭ་འདམ་དྲ་ཐོག་ཚོང་ལས་ཁུལ་བཙུགས་པ་དང་འབྲེལ་འཁོར་རྒྱུག་བྱས་ཡོད། དབྱི་ཧོ་ཧྲན་ནི་དྲ་ཐོག་ཚོང་ལས་ཁུལ་ནང་ཞུགས་མཁན་ཁེ་ལས་ཀྱི་གྲས་ཤིག་ཡིན།
མཚོ་བོད་ས་མཐོ་ས་རྒྱ་ཆེ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཞིང་ཕྱུགས་ཐོན་རྫས་མང་ཆེ་བར་དམིགས་བསལ་ཁྱད་ཆོས་ལྡན་ཞིང་། ཚྭ་འདམ་འདྲེ་ཚེར་མ་ནི་རྒྱལ་ནང་གི་འདྲེ་ཚེར་མ་ཡག་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ནུའོ་མུའུ་ཧུང་ས་ཁུལ་གྱི་འདྲེ་ཚེར་མ་འདེབས་འཛུགས་སྐྱེད་ཚལ་ལྟེ་བར་བྱས་ཏེ་ས་བབ་མཐོ་ཤོས་ཀྱི་ཡུག་འབྲེལ་འདྲེ་ཚེར་མ་འདེབས་འཛུགས་རྟེན་གཞི་བསྐྲུན་ཞིང་། མིག་སྔར་རྒྱ་ཁྱོན་མུའུ་ཁྲི་42.2ཟིན་གྱི་ཡོད་པ་རེད།
ས་བབ་མཐོ་བ་དང་ས་གཙང་འབྲོག་ཁུལ་ནས་ཐོན་པའི་འབྲོག་ལས་ཐོན་ཟོག་གི་ཨན་གཞི་སྐྱུར་འདུས་ཚད་དེ་ནང་སའི་སྤྱིར་བཏང་གི་གླང་ཤ་དང་ལུག་ཤ་ལས་མཐོ་བ་ཡོད་པ་དང་། དེའི་འཚོ་བཅུད་ཕུན་སུམ་ཚོགས་ལ་བྲོ་བའང་ཡག་པོ་ཡོད། གཞན་ཡང་ད་དུང་དབྱར་རྩྭ་དགུན་འབུ་དང་། འདྲེ་ཚེར་མ་ནག་པོ། མཱ་ཁ་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་དག་ལ་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
མཚོ་བོད་ས་མཐོར་ཆགས་པའི་མཚོ་སྔོན་ཞིང་ཆེན་དེ་ཉིད་ས་ཁམས་ཀྱི་གནས་ས་ཅུང་ཐག་རིང་བས་ཐོན་རྫས་ཕྱི་རྒྱལ་ལ་ཕྱིར་གཏོང་ཐུབ་རྒྱུ་ལྟ་ཅི། ཐ་ན་རྒྱལ་ནང་གི་ས་ཁུལ་གཞན་དག་ལའང་ཕྱིར་གཏོང་བྱེད་ཁག་པོ་ཡོད། དྲ་སྦྲེལ་དང་སྲོལ་རྒྱུན་ཐོན་ལས་མཉམ་བསྲེས་བྱས་པ་ལས་གྲུབ་པའི་དྲ་ཐོག་ཚོང་ལས་ལ་ཉོ་ཚོང་གི་དུས་ཚོད་དང་བར་མཐོངས་ཀྱི་ཚོད་འཛིན་མི་ཕོག་པས་ཐོན་སྐྱེད་དང་། འཁོར་རྒྱུག འཛད་སྤྱོད་བཅས་ཀྱི་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ་མཚོ་བོད་ས་མཐོར་ཡང་འགྱུར་ལྡོག་བྱུང་ཡོད།
“མིག་སྔའི་བར་དྲ་ཐོག་ཚོང་ལས་ཁུལ་ནང་ཞུགས་མཁན་ཁེ་ལས་34ལ་རིན་མི་དགོས་པའི་རྨང་གཞིའི་དྲ་རྒྱ་དང་། གྲངས་གཞིའི་ལྟེ་གནས། མཛོད་འཇུག་ཟོག་འགྲེམས། ཆ་འཕྲིན་ལག་རྩལ། ཤེས་ལྡན་མི་སྣ་གསོ་སྦྱོང་སོགས་བསྡོམས་སྨི་ངོས་གྲུ་4809.11ཡོད་པའི་ཞབས་ཞུའི་ལྟེ་གནས་ཐོབ་པ་དང་། འདི་ལོ་ཚུན་དྲ་ཐོག་ཉོ་ཚོང་དངུལ་འབོར་སྒོར་ཁྲི་7000ལྷག་ཙམ་ཟིན་ཡོད”ཅེས་མཚོ་ནུབ་ཀྲོའུ་ཚོང་དོན་ཅུས་ལས་སྒོ་ཁོའོ་ཡི་ཁོའོ་ཀྲང་ཚེ་ཆེ་ཀེས་བཤད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། དྲ་ཐོག་ཚོང་ལས་ཁུལ་གྱིས་ན་ནིང་ཟླ་10པར་སྐབས་དང་པོའི་ཚྭ་འདམ“དྲ་སྦྲེལ+”འདྲེ་ཚེར་མ་ངོ་འཕྲད་གྲོས་མོལ་དང་དངོས་ཟོག་མངགས་ཉོའི་ཚོགས་འདུ་གཉེར་བར་ཀོང་ཏུང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་5ཡི་ཉོ་སྒྲུབ་པ་88དང་ཀྲོའུ་དེའི་དངོས་ཟོག་མཁོ་འདོན་པ་44དབར་འདྲེ་ཚེར་མ་ཉོ་ཚོང་གྲོས་དོན་བཞག་པ་རེད།
མ་དབྱི་སི་ཕུའུ་ཚོང་བརྒྱབ་ནས་ལོ་30ལྷག་ཙམ་སོང་ཞིང་། 2010ལོར་དྲ་ཐོག་ཚོང་རྒྱག་འགོ་ཚུགས་པ་དང་། 2014ལོར་དྲ་ཐོག་ཚོང་ཡག་པོ་བྱུང་བ། 2015ལོར་དྲ་ཐོག་ཚོང་ལས་འཕེལ་རྒྱས་ཡག་པོ་བྱུང་ཡོད།“ཀུང་སིའི་ད་ལྟའི་ལས་སྒོ་གཙོ་བོ་ནི་དྲ་ཐོག་ཚོང་རྒྱག་རྒྱུ་དེ་ཡིན་པ་དང་། 2015ལོར་དྲ་ཐོག་ཉོ་ཚོང་ཁེ་འབབ་ཀྱིས་སྤྱིའི་ཁེ་འབབ་ཀྱི་85%བཟུང་གི་ཡོད། འདི་ལོའི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་1ཟིན་རེ་ཡོད”ཅེས་མ་དབྱི་སི་ཕུའུ་ཡིས་བཤད།
ཚེ་ཆེ་ཀེས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་བོད་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་ཟོག་དཔེར་ན་འདྲེ་ཚེར་མ་དམར་པོ་དང་ནག་པོ་དང་། མཱ་ཁ། ཚགས་ཤ། དབྱར་རྩྭ་དགུན་འབུ་སོགས་ཨ་ལི་པ་པ་དང་ཅིང་ཏུང་སོགས་ཞབས་ཞུའི་ལས་སྟེགས་བརྒྱུད་ས་ཆ་ཁག་ཏུ་ཕྱིར་ཚོང་བྱས་པས་མི་དེ་བས་མང་བའི་ཁས་ལེན་ཐོབ་ཡོད་པ་རེད།