སྤྱི་ཟླ4པའི་ཚེས19ཉིན་གྱི་སྔ་དྲོར།“ལས་རིགས་གསར་གཏོད་ནང་འདྲེན་བྱས་ཏེ། ལང་ཚོའི་ཟིལ་ཤུགས་གསར་བར་མངོན་པ”ཞེས་པའི་བརྗོད་གཞི་སྤེལ་ནས་བོད་རང་སྐྱོང་ལྗོངས་ཀྱི་ཐོག་མའི་མཐོ་རིམ་སློབ་གྲྭའི་སློབ་མའི་ལས་རིགས་གསར་གཏོད་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པའི་བཞུགས་མོལ་ཚོགས་འདུ་བོད་ལྗོངས་སློབ་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་དང་། ཐེངས་འདིའི་བྱ་འགུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོ་ཐིང་གིས་གཙོ་སྒྲུབ་བྱས་ཤིང་། བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཕུལ་བྱུང་གི་ལས་རིགས་གསར་གཏོད་ཀྱི་ཆ་ལ་འཇོན་ཐང་མངའ་བའི་འཐུས་མིས་ཚོགས་ཞུགས་མི་སྣ་ཡོངས་ལ་རང་ཉིད་ཀྱིས་ལས་རིགས་གསར་གཏོད་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱས། ལྷག་པར་དུ་རང་ཉིད་ཀྱིས་ལས་རིགས་གསར་གཏོད་ཁྲོད་འཕྲད་པའི་དཀའ་ངལ་དང་ལས་རིགས་གསར་གཏོད་ཀྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་མང་བོ་གསལ་བརྗོད་བྱས།
ཡའོ་བུན་ཚའེ་ཡིས་ལས་རིགས་གསར་གཏོད་ཀྱི་ཉམས་མྱོང་བཤད་པ།
ཡའོ་བུན་ཚའེ་ནི2013ལོར་བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཁྱབ་སྤེལ་སློབ་གླིང་ནས་སློབ་མཐར་ཕྱིན་ཞིང་ད་ལྟ་ཧྲན་ཞིའི་བཟོ་ལས་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ཡིན་ཞིང་། ཁོ་མོས་གསར་གཏོད་བྱེད་པའི་ཧྲན་ཞིའི་བཟོ་ལས་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་ཟིའི་ལས་གཉེར་གཙོ་བོ་ནི་སྒྲ་གཟུགས་ལས་བཟོ། སྣང་བརྙན་ཇུས་འགོད། བྱ་འགུལ་འཆར་བཟོ། བརྙན་ལམ་གསར་བ་སྒྲིག་བཟོའི་ཐོན་སྐྱེད་དང་ནང་དོན་སོགས་གཉེར་བཞིན་ཡོད། ལས་རིགས་གསར་གཏོད་ནི་གསོག་ཉར་དང་ནམ་ཡང་འབྲལ་ཐབས་མེད། ཡའོ་བུན་ཚའེ་ཡིས་སློབ་ཆེན་གྱི་དུས་སྐབས་སུ་ཞི་ཨན་བརྙན་རིས་ཀུང་ཟི་ནས་དངོས་སྦྱོང་བྱས་ཤིང་། དངོས་སྦྱོང་གི་ཁྲོད་ནས་ལས་རིགས་ཀྱི་ཤེས་ཡོན་ཅན་མང་བོ་ལ་འབྲེལ་འདྲིས་བྱས་ཤིང་དེ་དང་བསྟུན་ནས་ལས་རིགས་ལ་ཉམས་མྱོང་དང་བྱང་ཆ་ཡོད་པའི་དགེ་རྒན་མང་བོ་ངོ་ཤེས་པར་གྱུར་བས། རྗེས་ཕྱོགས་ཀྱི་ལས་རིགས་གསར་གཏོད་ཐད་ལ་ནུས་སྟོབས་མང་བོ་གསོག་ཉར་བྱས། ཁོ་མོའི་སློབ་གྲྭ་ནི་ཞན་དབྱང་དང་དངོས་སྦྱོང་ཀུང་ཟི་ནི་ཞི་ཨན་དུ་ཡོད་པས། ས་གནས་གཉིས་ནས་ཁོ་མོ་འདུག་ཐབས་མེད་ལ། ཞན་དབྱང་གི་ཀུང་ཟི་ནས་ཁོམ་ལོང་ཏོག་ཙམ་ཡོད་ལ། བྱ་བ་སྣ་ཚོགས་ལ་བསམ་གཞིགས་བྱེད་པའི་མཁའ་དབུགས་ཁྲོད་ནས་ཁོ་མོ་ལ་ལས་རིགས་གསར་གཏོད་ཀྱི་བསམ་བློ་དྲག་པོ་སྦྱིན་པ་དང་། ཐོག་མའི་ཨང་བདུན་པའི་བཟོ་ལས་བརྙན་གཟུགས་ལས་ཁུངས་ནི་འདི་འདྲའི་གནས་བབ་འོག་བྱུང་བ་ཞིག་རེད། འོན་ཀྱང་ལས་རིགས་གསར་གཏོད་ཀྱི་དཀའ་ངལ་ནི་དེ་དང་བསྟུན་ནས་ལྷགས་པས། དེའི་གནད་དོན་གཙོ་བོ་ནི་མ་དངུལ་གྱི་གནད་དོན་རེད། ཅི་ལྟར་སྒྲིག་ཆས་སྣ་ཚོགས་འཛོམས་པའི་བརྙན་གཟུགས་ཀུང་ཟི་ཞིག་འཛུགས་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མ་ཡིན་ལ། མཁོ་དངོས་སྒྲིག་ཆས་ཀྱི་གྲངས་འབོར་ཤིན་ཏུ་ཆེ་ཞིང་དཀའ་ངལ་ཇི་འདྲ་ཆེ་ན་ཡང་ཡའོ་བུན་ཚའེ་ཡིས་ལས་རིགས་འདི་ཉིད་བདམས་ཏེ་མུ་མཐུད་དུ་མདུན་བསྐྱོད་བྱས་པར་མ་ཟད། ཉེ་འཁོར་གྱི་གྲོགས་པོ་དང་ཤ་ཉེ་ཡོངས་ལ་སྒོར་མོ་མང་བོ་བསྐྱིས་ཏེ་ཁོ་མོས་ལས་རིགས་གསར་གཏོད་ཀྱི་མགོ་འདི་ལྟར་བརྩམས་པ་རེད།
ཡའོ་བུན་ཚའེ་ནི་1991ལོར་སྐྱེས་ཤིང་ཁོ་མོས་བཤད་རྒྱུར།“གདོད་ནས་གྲུབ་པའི་བྱིས་པའི་ངོ་གདོང་དང་། ། མཐོ་འབྲིང་སློབ་མ་ཞིག་དང་ཆ་འདྲ་བ། ། ”ཞེས་རང་ཉིད་ནི་བྱིས་པ་ཞིག་དང་འདྲ་བས་ཁེ་ཕན་རྩོད་པའི་འཇིག་རྟེན་གྱི་མི་མཐའ་དག་ལ་ཡིད་ཆེས་མེད་ན་ཡང་། མི་ཆེན་གྱི་འཇིག་རྟེན་འདི་ནས་འགྲོ་ལམ་གསར་བ་ཞིག་གཏོད་ན་འདོད། ངེས་པར་དུ་རང་ཉིད་ལ་དབང་བའི་འབྱོར་ཕྱུག་གི་འཇིག་རྟེན་ཞིག་མཁོ་བ་རེད། ཡའོ་བུན་ཚའེ་ཡི་འཇིག་རྟེན་དེ་ནི་“དཀའ་སྤྱད་བརྩོན་ཞིབ་དང་འགྱུར་མེད་གཞུང་དྲང་”ལ་བརྟེན་ནས་རང་ཉིད་ཀྱི་མི་ཚེའི་བཤུལ་ལམ་རིང་མོ་གསར་བསྐྲུན་བྱ་རྒྱུ་དེ་རེད། དཔེར་ན་ཞིབ་དག་བྱས་ཟིན་པའི་རྩོམ་ཡིག་ལ་ཡིག་ནོར་མེད་པ་མིན་ལ། བཏང་ཟིན་པའི་བརྙན་འཕྲིན་ལ་ནོར་འཁྲུལ་མེད་པ་ཡང་མིན་པས། རུ་ཁག་འདིའི་མི་སྣ་ཡོངས་ནི་ལོ་རབས90རྗེས་ཀྱི་ན་གཞོན་རྐྱང་བ་ཡིན་པས། ཡའོ་བུན་ཚའེ་ཡི་ཚོགས་པའི་སྟོབས་ཤུགས་འདི་ལ་བརྟེན་ནས་པར་རིགས་ཀྱི་བརྡ་ཁྱབ་ལས་གཉེར་བྱེད་པ་རེད། ཁོ་རང་ཚོས་རྔུལ་ཆུ་ལ་བརྟེན་ནས་བསྐྲུན་པའི་བརྙན་པར་མང་བོར་རྒྱལ་ནང་ནས་བྱ་དགའ་ཐོབ་ལ། དཔེར་ན་རྒྱལ་ཡོངས་ཀྱི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བརྙན་པར་དཔྱད་བསྡུར་ཁྲོད་ཞན་དབྱང་གྲོང་ཁྱེར་གྱི་བརྙན་པར་ནི་ཧྲན་ཞི་ཞིང་ཆེན་གྱི་འགྲན་ཞུགས་བརྙན་པར་ཁོ་ན་གྱུར་བ་དང་། རྒྱལ་ཡོངས་ནས་བྱ་དགའ་ཨང་གཉིས་པ་བླངས་པ་རེད། 2015ལོར་མེ་གསོད་ཅེས་པ་བརྗོད་གཞིར་བཟུང་བའི་སྤྱི་ཕན་གློག་བརྙན་ཐུང་ངུ་ལ་རྒྱལ་ཡོངས་ནས་དཔྱད་བསྡུར་བྱེད་པའི་ཁྲོད་ཕུལ་བྱུང་གི་གློག་བརྙན་བྱ་དགའ་ཐོབ་ཡོད་པ་རེད།
ད་ལྟ་ཁོ་རང་ཚོའི་ཀུང་ཟིས་བདེ་བླག་ངང་མི་ལོ་གསུམ་བརྒྱུད་པ་དང་། ཡའོ་བུན་ཚའེ་ཡི་རུ་ཁག་གིས་དངོས་སུ་འཆར་འགོད་ཞིབ་ཚགས་བཟོས་ཏེ་ཚོང་ར་རྒྱ་བསྐྱེད་པའི་སྒང་ཡིན། ཁོ་རང་ཚོས་མིག་འོད་ནུབ་རྒྱུད་ས་ཁུལ་དུ་གཏད་ཡོད་ལ། ལས་རིགས་གསར་གཏོད་ཀྱི་མྱོང་ཚོར་གླེང་དུས། ཡའོ་བུན་ཚའེ་ཡིས་མྱོང་ཚོར་ལ་རང་ཉིད་ཀྱིས་རང་ཉིད་ཆེས་དགའ་བའི་ལས་རིགས་ཁྲོད་དུ་ཆེས་སྤྱིར་བཏང་གི་བྱ་བ་ཞིག་སྒྲུབ་བཞིན་ཡོད་པར་འདོད་ལ། ཁོ་མོས་བཤད་རྒྱུར། “ལས་རིགས་གསར་གཏོད་ནི་སྤྲོ་སྣང་ལྡན་པའི་འགྲོ་ལམ་ཞིག་ཡིན་ལ། དེས་མི་རྣམས་ལ་དགའ་བ་ཁྱད་པར་ཅན་ཞིག་སྟེར་ཐུབ་པ་དང་། རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་སྡིངས་ཆ་ཞིག་བསྐྲུན་ཐུབ་པར་མ་ཟད། འོན་ཀྱང་འདི་ཉིད་མི་ཡོད་ཚད་ལ་འཚམས་པ་ཞིག་ཡེ་ནས་མིན། དེ་ལ་ཉེན་ཁ་མང་བོ་ཡོད་པ་རེད ”ཅེས་གསལ་བརྗོད་བྱས།
ལས་རིགས་གསར་གཏོད་ནང་འདྲེན་བྱས་ཏེ། སློབ་ཆེན་སློབ་མར་འགྲོ་ལམ་བསྐྲུན་དགོས།
མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ནི་ཏང་དང་རྒྱལ་ཁབ་ཀྱི་རིན་པོ་ཆེ་ལྟ་བུའི་འཇོན་མིའི་ཐོན་ཁུངས་གཙོ་བོ་ཡིན་པ་དང་། དེ་ནི་ལས་རིགས་གསར་གཏོད་ཀྱི་འཕེལ་རྒྱས་ཀྱི་འདུན་མ་མངོན་འགྱུར་དང་དམངས་ཀྱི་ལས་རིགས་གསར་གཏོད་བྱེད་པའི་དམག་ཤུགས་གཙོ་བོ་ཡིན་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ཟླ་བས་བཞུགས་མོལ་ཚོགས་འདུའི་སྟེང་བསྟན་དོན། མིག་སྔར་རང་རེའི་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་སློབ་མས་ལས་རིགས་གསར་གཏོད་ནི་ཐོག་མའི་དུས་རིམ་དུ་ཡོད་པར་མ་ཟད། འབྲེལ་ཡོད་ཀྱི་སྲིད་ཇུས་ཀྱང་གྲ་སྒྲིག་དངོས་འབེབས་བྱེད་པའི་སྐབས་རེད། སློབ་ཆེན་པ་དག་ལས་རིགས་གསར་གཏོད་ཀྱི་དངོས་ཡོད་འཚོ་བར་འདྲེན་དགོས་ན། བྱ་བའི་སྒྲིག་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། ངེས་པར་དུ “སྒྲིག་གཞི། མི་སྣ། ལས་གནས། གྲོན་དངུལ”བཞི་བོ་དུས་ཐོག་ཏུ་འབྱོར་དགོས། སློབ་མའི་ལས་རིགས་གསར་གཏོད་ལ་འགྲོ་ལམ་དང་ཞབས་ཞུ་བཟང་བོ་སྒྲུབ་དགོས་པར་བསྟན།
བོད་ལྗོངས་སློབ་ཆེན་གྱི་སློབ་བསྡུ་ལས་སྐྱོབ་ཁྲུའུ་ཡི་དགེ་རྒན་རྡོ་རྗེ་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། བོད་ལྗོངས་སློབ་ཆེན་གྱི་སློབ་མའི་ལས་རིགས་གསར་གཏོད་དང་དངོས་ཡོད་བྱ་བའི་ནུས་ཤུགས་ཐད་ཀྱི་ནུས་པ་སྦྱོར་བརྡར་བྱེད་པ་ལ་སྟོབས་སྣོན་ཤུགས་ཆེན་བྱེད་པར་མ་ཟད། ཆེད་གཉེར་དགེ་རྒན་གདན་ཞུ་མཛད་དེ་སློབ་ཆེན་སློབ་མའི་ལས་རིགས་གསར་གཏོད་ལས་གཞི་ལ་མཛུབ་སྟོན་བཟང་བོ་བྱས། 2008ལོ་ནས་བཟུང་། བོད་ལྗོངས་སློབ་ཆེན་གྱི་སློབ་ཆེན་པའི་ལས་རིགས་གསར་གཏོད་ཀྱི་ལས་གཞི653ལྷག་དངོས་འབེབས་བྱས་པ་དང་། མ་དངུལ་བཏང་བའི་འགྲོ་གྲོན་ཧ་ལམ་སྒོར་ཁྲི450ཟིན་ལ། ལས་གཞི་ལ་འདི་ལ་དངོས་སུ་ཟབ་ཞུགས་བྱེད་པའི་སློབ་མའི་གྲངས་འབོར3000ཡོད་པ་དང་། མཛུབ་སྟོན་དགེ་རྒན་གྱི་གྲངས་འབོར700ཟིན་ཡོད། དེའི་ཁྲོད་ལས་གཞི426བདེ་བླག་ངང་འགྲུབ་པ་དང་། ལས་གཞི་འདི་དག་གི་ཁྲོད་དུས་དེབ་སྣ་ཚོགས་ཀྱི་སྟེང་བཀོད་པའི་དཔྱད་རྩོམ407དང་། བྱ་དགའ་ཐོབ་པའི་ལས་གཞི116ཡོད་ལ། ཞིབ་འཇུག་སྙན་ཞུ174ཡོད་པ་དང་། ཡོངས་འགྲུབ་བྱས་ཟིན་པའི་བརྩམས་ཆོས77ཡོད་པ་རེད།
སློབ་གྲྭ་རུ“གསར་གཏོད་པའི་མནའ་འབྲེལ་མཐུན་ཚོགས་”བཙུགས་ཏེ་སློབ་མའི་ལས་རིགས་གསར་གཏོད་ལ་རྒྱབ་སྐྱོར་དང་སྐུལ་འདེད་ཆེན་པོ་བྱས་པ་དང་། སློབ་ཆེན་པའི་ལས་རིགས་གསར་གཏོད་ཀྱི་ཆ་ནས་འགྲོ་ལམ་ཡངས་པོ་ཞིག་ཕྱེས་ཡོད་པར་མ་ཟད།“གསར་གཏོད་པའི་མནའ་འབྲེལ་མཐུན་ཚོགས་”བཙུགས་ཏེ་སློབ་མའི་ལས་རིགས་གསར་གཏོད་ཀྱི་ཚོགས་པ80ལྷག་ལ་གསབ་སྦྱོང་བྱེད་པའི་གོ་སྐབས་བཟང་བོ་བསྐྲུན་པ་དང་། དེས་རིགས་གསར་གཏོད་ལ་ཁྱོན་ཡོངས་ནས་རོགས་རམ་ཆེན་པོ་བྱས། དེའི་ཁྲོད་གྲུབ་འབྲས་མངོན་གསལ་བླངས་པའི་ཚོགས་པ་དང་ཐོ་འགོད་པའི་ཀུང་ཟི45ཡོད་པ་དང་། སློབ་མ500ལ་ལས་རིགས་རོགས་སྐྱོར་ཐོབ་ཡོད་པ་རེད།
རྒྱུས་ལོན་བྱས་པ་ལྟར་ན། བོད་ལྗོངས་སློབ་ཆེན་གྱི་ཉེ་བའི་ལོ་འདི་གའི་རིང་དུ་རང་ཉིད་ཀྱིས་ལས་རིགས་གསར་གཏོད་བྱེད་པའི་སློབ་མ་སྔར་ལས་ཇེ་མང་ནས་ཇེ་མང་དུ་གྱུར་བ་དང་། མིག་སྔར་བོད་ལྗོངས་སློབ་ཆེན་དུ་ཁེ་ལས80ཡོད། དེའི་ཁྲོད་ཚོང་ར་འཚོ་ཐབས་ནུས་པ་དང་འཕེལ་རྒྱས་ཀྱི་ནུས་པ་ཡོད་པའི་ལྷ་སའི་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི་གཅིག་དང་བོད་ལྗོངས་ཤེས་མཚོ་རྒྱལ་སྤྱིའི་ན་གཞོན་ལྗོངས་རྒྱུ་ཚོགས་པ་སོགས་འདུ་ཡོད་པ་རེད།