ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

མི་རིགས་ཚང་མས་མི་རིགས་གཞན་གྱི་བརྩམས་ཆོས་ལྟ་ཀློག་བྱེད་དགོས་ཞེས་གསུངས་པ།

2016-04-27

ཟླ་4ཚེས་23ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཡིན་ལ། ཤིག་སེ་ཕེར་སྐུ་གཤེགས་ནས་ལོ་ངོ་400འཁོར་བའི་དྲན་གསོའི་ཉིན་མོ་ཞིག་ཀྱང་ཡིན། ཤིག་སེ་ཕེར་གྱི་བརྩམས་ཆོས་བོད་ཡིག་ལ་ཐོག་མར་སྒྱུར་མཁན་ལོ་ཙཱ་བ་རྒན་གྲས་བཀྲས་གླིང་དབང་རྡོར་ལགས་ཀྱིས་མི་རིགས་ཚང་མར་རང་རང་གི་བརྩམས་ཆོས་ཡག་པོ་ཡོད་པས་མི་རིགས་གཅིག་འཕེལ་རྒྱས་འགྲོ་དགོས་ན་མི་རིགས་གཞན་དག་གི་རིག་གནས་སློབ་སྦྱོང་དང་མི་རིགས་གཞན་དག་གི་བརྩམས་ཆོས་ལྟ་ཀློག་བྱེད་དགོས་ཞེས་གསུངས་ཤིང་།

འདི་ནི་བཀྲས་གླིང་དབང་རྡོར་ལགས་ཀྱིས་དེབ་ཁང་ནང་ཁོང་གིས་བསྒྱུར་གནང་བའི《རོ་མེའོ་དང་ཇུ་ལིཀྲི》བསྐྱར་དུ་གཟིགས་བཞིན་པ།

ཟླ་4ཚེས་23ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཡིན་ལ་ཤིག་སེ་ཕེར་སྐུ་གཤེགས་ནས་ལོ་ངོ་400འཁོར་བའི་དྲན་གསོའི་ཉིན་མོ་ཡང་ཡིན། ཤིག་སེ་ཕེར་གྱི་བརྩམས་ཆོས་བོད་ཡིག་ལ་ཐོག་མར་སྒྱུར་མཁན་བོད་ཀྱི་ཡིག་སྒྱུར་བ་རྒན་རབས་བཀྲས་གླིང་དབང་རྡོར་ལགས་ཀྱིས་མི་རིགས་ཚང་མར་རང་རང་གི་བརྩམས་ཆོས་ཡག་པོ་ཡོད་པས་མི་རིགས་ཤིག་འཕེལ་རྒྱས་འགྲོ་དགོས་ན་མི་རིགས་གཞན་དག་གི་རིག་གནས་སློབ་སྦྱོང་དང་མི་རིགས་གཞན་དག་གི་བརྩམས་ཆོས་ལྟ་ཀློག་བྱེད་དགོས་ཞེས་གསུངས།

ད་ལོ་དགུང་ལོ་83ལ་ཕེབས་པའི་བཀྲས་གླིང་དབང་རྡོར་ལགས་ནི་བོད་ལྗོངས་རྒྱལ་རྩེའི་སྐུ་དྲག་གི་ཁྱིམ་ཞིག་ཏུ་འཁྲུངས། དབང་རྡོར་ལགས་ནི་1946ལོར་བཀའ་ཤག་གིས་རྒྱ་གར་སེན་འཇོ་སེབ་སློབ་གླིང་གི་སློབ་འབྲིང་དུ་སློབ་སྦྱོང་བྱེད་པར་མངགས་པའི་སློབ་མ་བཅུའི་གྲས་ཡིན། སན་འཇོ་སེབ་སློབ་གླིང་དུ་དབང་རྡོར་ལགས་ཀྱིས་ཤིག་སེ་ཕེར་གྱི་བརྩམས་ཆོས་ཐོག་མར་འཇལ་སྐབས་དེ་ནི་དེ་སྔ་ལྟ་མྱོང་བའི་རྩོམ་རིག་བརྩམས་ཆོས་གཞན་དག་དང་འདྲ་ཡི་མེད་པའི་ཚོར་སྣང་བྱུང་སྟེ་ནམ་ཞིག་བརྩམས་ཆོས་དེ་དག་བོད་ཡིག་ཏུ་བསྒྱུར་རྒྱུའི་ཐུགས་དགོངས་འཁྲུངས།

1953ལོར་བོད་དུ་ཕྱིར་ཕེབས་རྗེས་ལྷ་ས་སློབ་ཆུང་དང་པོ་དང་། གཞིས་རྩེ་ལས་བྱེད་སློབ་གྲྭ རང་སྐྱོང་ལྗོངས་སློབ་གསོ་ཨུ་ལྷན། རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་སོགས་ལ་སྔ་རྗེས་སུ་ཕྱག་ལས་གནང་ནས་1992ལོར་རྒན་ཡོལ་ཞུས།

དབང་རྡོར་ལགས་ཀྱིས“ཤིག་སེ་ཕེར་གྱི་བརྩམས་ཆོས་སྔར་ནས་བོད་ཡིག་ལ་བསྒྱུར་འདོད་ཡོད། འོན་ཀྱང་ལས་ཀའི་རྐྱེན་གྱིས་བསྒྱུར་ཐུབ་མ་སོང”ཞེས་གསུངས་པ་དང་ཁོང་གིས་རྒན་ཡོལ་ཞུས་རྗེས་ངས་བྱེད་འདོད་པའི་ལས་ཀ་དང་པོ་ནི་ཤིག་སེ་ཕེར་གྱི་བརྩམས་ཆོས་བོད་ཡིག་ལ་བསྒྱུར་བའི་འགོ་བརྩམས་པ་ཡིན་ཞེས་གསུངས།

དབང་རྡོར་ལགས་ཀྱིས་ཤིག་སེ་ཕེར་གྱི་བརྩམས་ཆོས་ནང་བསྟན་བཤིག་དང་ཟློས་གར་གྱི་འགལ་བ་འདུས་ཡོད་པས་བལྟས་མ་ཉིད་དུ་ཀློག་པ་པོའི་ཡིད་དབང་འགུག་ཐུབ་པའི་ངོས་འཛིན་གནང་གི་ཡོད། ཁོང་གིས་ཤིག་སེ་ཕེར་གྱི་བརྩམས་ཆོས་ཡིག་རིགས་མང་པོ་ཞིག་ལ་བསྒྱུར་ཡོད་ནའང་བོད་མིས་ཤེས་མཁན་ཉུང་ཉུང་ཡིན་སྟབས་ཤིག་སེ་ཕེར་གྱི་བརྩམས་ཆོས་བོད་ཡིག་ལ་བསྒྱུར་རྒྱུའི་ཐུགས་ཐག་བཅད།

ལོ་གཉིས་ལྷག་ཙམ་འབད་བརྩོན་གནང་བ་བརྒྱུད། དབང་རྡོར་ལགས་ཀྱིས《ཧམ་ལི་ཀྲེ》དང《རོ་མེའོ་དང་ཇུ་ལིཀྲི》བོད་ཡིག་ཏུ་བསྒྱུར་གནང་བ་མ་ཟད། 2004ལོར་དངོས་སུ་པར་འགྲེམས་བྱས་པས་ཤིག་སེ་ཕེར་ཉིད་བོད་རིགས་མང་ཚོགས་མང་ཆེ་བས་ཤེས་པར་གྱུར་ཡོད། དེབ་དེ་གཉིས་ནང་ནས《ཧམ་ལི་ཀྲེ》ཡི་བོད་ཡིག་པར་མའི་ནང་དོན་ཁག་གཅིག་ཞིང་ཆེན་ལྔའི་བོད་རིགས་ས་ཁུལ་གྱི་མཐོ་འབྲིང་གི་བོད་ཡིག་སློབ་དེབ་ནང་བཅུག་ཡོད། དེས་མ་ཚད་ཁོང་གིས་ད་དུང《མའེ་ཁེ་པེ》ཡིག་སྒྱུར་གནང་འཆར་ཡོད་ཀྱང་། སྐྱ་གྲིབ་ཀྱི་སྙུང་བཞེས་པ་དང་སྐུ་གཟུགས་ཇེ་སྡུག་ཏུ་སོང་ནས་ཁོང་གི་ཐུགས་དགོངས་དེ་འགྲུབ་ཐུབ་མེད།

ཨ་རིའི་ཤིག་སེ་ཕེར་མཐུན་ཚོགས་ཀྱིས་ཆེད་མངགས་དབང་རྡོར་ལགས་ལ་ཤིག་སེ་ཕེར་གྱི་བརྩམས་ཆོས་བོད་ཡིག་ཏུ་བསྒྱུར་གནང་བར་ཐུགས་རྗེ་ཆེ་ཞུ་བའི་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་དབྱིན་ཇིའི་རྒྱང་བསྒྲགས་ཀུང་སིས་དབང་རྡོར་ལགས་ལ་ཁ་པར་བརྒྱུད་ནས་བོད་ཡིག་ལ་བསྒྱུར་བའི་ཤིག་སེ་ཕེར་གྱི་བརྩམས་ཆོས་དུམ་བུ་ཞིག་ལྗགས་ཀློག་གནང་དུ་བཅུག་པ་རེད།

ཡིག་སྒྱུར་བ་རྒན་རབས་དབང་རྡོར་ལགས་ཀྱིས་བོད་ཡིག་བརྩམས་ཆོས་དབྱིན་ཡིག་ཏུ་བསྒྱུར་གནང་མཛད་པས་ཕྱི་རྒྱལ་བ་སྔར་ལས་མང་བས་བོད་ཀྱི་གནའ་བོའི་རིག་གནས་དང་ཤེས་རིག་ཤེས་ཡོད། ཁོང་གིས་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཤོ་ལོ་ཀ་74དབྱིན་ཡིག་ཏུ་བསྒྱུར་གནང་བས་དར་ཁྱབ་ཤིན་ཏུ་བྱུང་ཡོད།

དབང་རྡོར་ལགས་ཀྱིས“འགྲོ་བ་མིའི་རིགས་ཀྱི་ལོ་ངོ་སྟོང་གི་ཤེས་རིག་ཁྲོད་མི་རིགས་ཁག་ལ་རང་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་གྲུབ་ནས་ཕུལ་བྱུང་གི་བརྩམས་ཆོས་མང་པོ་ཐོན་པ་དེ་དག་ནི་འགྲོ་བ་མིའི་རིགས་ཐུན་མོང་གི་རྒྱུ་ནོར་ཡིན་པས་མི་རིགས་གཞན་གྱིས་སློབ་སྦྱོང་བྱེད་འོས་པ་ཞིག་ཡིན”ཞེས་གསུངས་པ་དང་ཁོང་གིས་ཡིག་སྒྱུར་ནི་སྐད་རིགས་མི་འདྲ་བའི་དབར་གྱི་མཚམས་སྦྱོར་བ་ཞིག་ཡིན་པས་མི་རིགས་ཀྱི་བརྩམས་ཆོས་ལྟ་ཀློག་ལ་མེད་དུ་མི་རུང་བའི་གནས་བབ་གལ་ཆེན་བཟུང་ཡོད། ལོ་ཙཱ་བ་ཚོས་རིག་གནས་སྤེལ་རེས་ཕོ་ཉའི་འགན་སེམས་ཐོག་ནས་བརྩམས་ཆོས་ཡག་པོ་བསྒྱུར་ཏེ་ཀློག་པ་པོར་དེ་བས་ལེགས་པའི་བརྩམས་ཆོས་ལྟ་ཀློག་ཐུབ་པ་བྱས་ནས་མི་རིགས་དབར་གྱི་རིག་གནས་སྤེལ་རེས་ལ་སྐུལ་མ་གཏོང་དགོས་ཞེས་གསུངས།

འབྲེལ་ཡོད་རྩོམ་ཡིག