ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

འབྱོར་འབྲིང་སྤྱི་ཚོགས་འཛུགས་ཐུབ་པའི་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་དགོས་པའི་ནན་བཏོན་གནང་བ།

2016-04-28
        སྤྱི་ཚེས་24ཉིན་ནས་ཚེས་26ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གཡག་རྔ་དང་ཁྲེན་རྡུར་རྟོག་ཞིབ་གནང་ཡོད་པ་རེད། ལི་ཁེ་ཆང་ཐོག་མར་ལོ་གསུམ་གྱི་གོང་ས་ཡོམ་དྲག་པོ་རྒྱབ་སའི་ལུའུ་ཧྲན་རྫོང་གི་ས་ཡོམ་རྒྱབ་ས་གཙོ་བོའི་ཁུལ་དུ་སླར་གསོ་བསྐྱར་འཛུགས་དང་མང་ཚོགས་ཀྱི་འཚོ་བར་རྟོག་ཞིབ་གནང་བར་ཕེབས་ཡོད་པ་རེད། ས་ཡོམ་དྲན་གསོ་ཁང་དུ། ཁོང་གིས་རྐྱེན་ལམ་དུ་ཤོར་མཁན་རྣམས་ལ་མྱ་ངན་ཞུས་པ་མ་ཟད་མེ་ཏོག་ཕྲེང་བ་ཕུལ་ཡོད་པ་རེད། དེ་སྔོན་གཏོར་སྐྱོན་ཚབས་ཆེན་ཕོག་པའི་འགྲོ་ལམ་ད་ཆ་ཤར་གཏོང་ཐུབ་ཡོད་པ་དང་། ཞིག་རོའི་ཁྲོད་རྒྱབ་པའི་ཁང་པ་གསར་པ། མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་གྱི་རྣམ་པ་བཅས་གཟིགས་སྐབས་ལི་ཁེ་ཆང་གིས་ཐུགས་བདེའི་རྣམ་འགྱུར་ཐོག་ནས། ཏང་དང་སྲིད་གཞུང་གིས་བྱས་པ་ཚང་མ་ནི་མི་དམངས་ཀྱིས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱ་རྒྱུའི་ཆེད་དུ་ཡིན། བློ་བརྟན་འགྱུར་མེད་དང་མགོ་བོ་མི་སྒུར་བའི་ཡོམ་འགོག་སྙིང་སྟོབས་ཡོད་ན་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཡོང་ངེས་ཡིན་ཞེས་གསུངས་ཡོད་པ་རེད། ས་ཆ་སྤོས་ནས་བསྐྱར་བསྐྲུན་བྱས་པའི་ལུའུ་ཧྲན་དམའ་རིམ་སློབ་འབྲིང་གཉིས་པའི་རྣམ་པ་གསར་རྐྱང་གཟིགས་སྐབས། ལི་ཁེ་ཆང་གིས། སྲ་ཞིང་བརྟན་པའི་སློབ་གྲྭའི་ཉལ་ཁང་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས་ཡོད་པ་རེད། ཁོང་གིས་ཕྲུ་གུ་རྣམས་ཀྱི་འཚོ་བ་དང་སློབ་སྦྱོང་གནས་ཚུལ་བཀའ་འདྲི་གནང་བ་དང་། ཁོ་ཚོས་ཤེས་བྱ་དེ་བས་མང་བ་སློབ་སྦྱོང་བྱས་ཏེ་འབྱུང་འགྱུར་དེ་བས་ཡག་པའི་སྒོ་ནས་སྤྱི་ཚོགས་ཀྱི་དྲིན་ལན་འཇལ་རྒྱུའི་ཐུགས་རེ་གནང་ཡོད་པ་རེད། ཁོང་གིས་དགྱེས་ཚོར་ཆེན་པོས་སློབ་མའི་ལག་ཤེས་གསར་གཏོད་ལ་གཟིགས་པ་དང་། ཁོ་ཚོས་ཕུན་སུམ་ཚོགས་པའི་ཀུན་རྟོག་གི་ནུས་པ་དང་ལག་པ་འགུལ་བའི་ནུས་པ་གསོ་སྐྱོང་བྱས་ཏེ་འཚར་ལོངས་བྱུང་རྗེས་སྤྱོད་གོ་ཆོད་པའི་མི་ཞིག་བྱ་རྒྱུའི་སྐུལ་མ་གནང་ཡོད་པ་རེད།
        ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ནི་ད་ཐེངས་སླར་གསོ་བསྐྱར་འཛུགས་ཀྱི་གལ་ཆེའི་ཁྱད་ཆོས་ཤིག་ཡིན། ཁང་ཡོན་སྐྱེ་ཁམས་ཞིང་ལས་གླིང་དུ། ལི་ཁེ་ཆང་གིས་ཁོ་ཚོས་དེང་རབས་ཞིང་ལས་གོང་འཕེལ་གཏོང་བའི་ཁྲོད་རྒྱ་ཡིག་ཡིག་འབྲུ་ཁང་ཞེས་པར་མཐོང་ཆེན་བྱས་ནས། སྦག་མེད་བདེ་ཐང་གི་ཞིང་ལས་ཐོན་རྫས་མཁོ་འདོན་བྱེད་དགོས་པ་དང་ཞིང་པ་དེ་བས་མང་བ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས་པའི་སྐུལ་མ་གནང་ཡོད་པ་རེད། ས་གནས་དེ་གའི་འགན་ཁུར་བས་ངོ་སྤྲོད་གནང་བར་གཞིགས་ན། གནོད་འཚེ་ཕོག་ཁུལ་གྱི་གོང་འཕེལ་ཆུ་ཚད་དེ་ས་ཡོམ་མ་རྒྱབ་གོང་ལས་ཇེ་མཐོར་ཕྱིན་ཡོད་པ་རེད། ལི་ཁེ་ཆང་གིས། ཁྱེད་ཚོས་སླར་གསོ་བསྐྱར་འཛུགས་ཙམ་མ་ཟད་ད་དུང་བསྐྱར་བསྐྲུན་གོང་འཕེལ་བཏང་ནས། བདེ་སྡོད་དང་ལས་སྐྲུན་ཟུང་འབྲེལ་དང་། ཐོན་ལས་གོང་འཕེལ་དང་གྲོང་ཁྱེར་དང་གྲོང་བརྡལ་ཅན་གསར་པ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུ་ཟུང་འབྲེལ། ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་བཅས་ཟུང་འབྲེལ་བྱེད་པའི་སྦག་མེད་གོང་འཕེལ་གྱི་ལམ་བུར་འགྲོ་དགོས་ལ། དབུལ་གྲོལ་ཕྱུག་འགྱུར་གྱི་ནུས་པ་ཐོན་པའི་ལམ་བུའི་ཐོག་བསྐྱོད་དགོས། གསར་གཏོད་དང་མཐུན་སྦྱོར། སྦག་མེད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་གོང་འཕེལ་འདུ་ཤེས་དོན་འཁྱོལ་བྱེད་དགོས་ཤིང་། དོ་ནན་ལྡབ་བརྒྱ་དང་འབད་བརྩོན་ཆེན་པོས་དེ་བས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་དགོས་ཞེས་གསུངས་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག