ཉེ་སྔོན་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས«རྒྱ་བོད་གློག་བརྙན་དང་བརྙན་འཕྲིན་གྱི་མིང་མཛོད»ཅེས་པའི་དཔེ་དེབ་པར་དུ་བསྐྲུན་འདུག
རྒྱ་བོད་གློག་བརྙན་དང་བརྙན་འཕྲིན་གྱི་མིང་མཛོད་སྒྲིག་སྒྱུར་བྱེད་པ་ནི་རྒྱ་ཆེ་ལ་རྙོག་དྲ་ཆེ་ཞིང་དཀའ་ཁག་ལྡན་པའི་མ་ལག་འཛུགས་སྐྲུན་ཤིན་ཏུ་ཆེན་པོ་ཞིག་ཡིན། མིང་མཛོད་འདི་ནི་འདིའི་ཐད་ལ་ནུས་ཤུགས་ཕུལ་བའི་ཚོད་ལྟ་ཐེངས་དང་པོ་དེ་ཡིན་ཞིང་ཐ་སྙད་གསར་བ་དག་བོད་ཡིག་ཏུ་བསྒྱུར་ཡོད་ལ། ཐ་སྙད་འདེམ་སྒྲིག་དང་ཡིག་སྒྱུར་བྱེད་དུས་མགོ་མཇུག་བར་གསུམ་ནན་ཏན་དང་ཞིབ་ཚགས་བྱས་ཡོད། དཔེར་ན། རྒྱུན་བཀོལ་སྐོར་ལ་དོ་སྣང་བྱས་ཏེ་བཀོལ་སྤྱོད་རང་བཞིན་ལྡན་པ་དང་། ཆེད་ལས་རང་བཞིན་ལ་དམིགས་ཏེ་གློག་བརྙན་གཞུང་ལུགས་དང་གློག་བརྙན་གྱི་རིགས་དང་གྲུབ་མཐའ། གློག་བརྙན་འཁྲབ་གཞུང་རྩོམ་སྒྲིག གློག་བརྙན་འཁྲབ་ཁྲིད། གློག་བརྙན་མཛེས་རྩལ། གློག་བརྙན་གཞུང་ལུགས་དང་སྒྲིག་བཟོ། རྒྱུད་སྒྲོག་སོགས་སུ་དགར་ནས་ཚན་རིག་རང་བཞིན་འབུར་དུ་ཐོན་པར་བྱས་ཡོད། དེ་བས་མིང་མཛོད་འདི་ནི་བཀོལ་སྤྱོད་རང་བཞིན་དང་ཚན་རིག་རང་བཞིན་བདག་ཉིད་ཅན་གྱི་མིང་མཛོད་ཅིག་རེད་ཅེ་ན་ཡང་མི་ཆོག་རྒྱུ་ཅི་ཡང་མེད། ལྷག་པར་དུ་མིང་མཛོད་འདིར་རྒྱུན་སྤྱོད་ཐ་སྙད་སྐོར་ཞིག་ཟུར་བཀོད་ཀྱི་ཚུལ་དུ་དེབ་མཇུག་ཏུ་བཀོད་པ་འདིས་ལས་ཀ་འདི་སྒྲུབ་བཞིན་པའི་ཆེད་ལས་མི་སྣ་རྣམས་ལ་ཅི་ནུས་ཀྱིས་སྟབས་བདེའི་མཐུན་རྐྱེན་བསྐྲུན་ཡོད།
མིང་མཛོད་འདི་ནི་སྣ་འཛོམས་ཅན་གྱི་རྒྱ་བོད་གློག་བརྙན་དང་བརྙན་འཕྲིན་གྱི་མིང་མཛོད་ཅིག་ཡིན། དེབ་འདི་པར་དུ་བསྐྲུན་པ་ནི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དང་གློག་བརྙན་གྱི་ལས་དོན་ལ་དགའ་བའི་མི་དང་ལས་ཁུངས་དག་ལ་མཚོན་ན་འདི་ནི་གཏམ་བཟང་ཞིག་རེད།
རྒྱུ་མཚན་ནི་མིང་མཛོད་འདིས་བོད་སྐད་ཀྱི་རྒྱང་སྒྲོག་བརྙན་འཕྲིན་དང་གློག་བརྙན་གྱི་མིང་བརྡ་གཅིག་གྱུར་རམ་ཚད་ལྡན་ཅན་གྱི་ཕྱོགས་སུ་གོམ་པ་དང་པོ་སྤོས་ཟིན་པ་མཚོན་ཡོད། མིང་མཛོད་འདིས་ད་དུང་མིག་སྔར་རྒྱ་བོད་བརྙན་འཕྲིན་དང་གློག་བརྙན་མིང་མཛོད་མེད་པའི་སྟོང་ཆ་དེ་ཡོངས་སུ་བསྐངས་ཡོད།