ཉེ་ཆར་བོད་ཀྱི་ན་གཞོན་རྩོམ་པ་པོ་དང་མཚོ་སྔོན་པོ་དྲ་བའི་གཙོ་སྒྲིག་གཞོན་པ་ལྷ་སྐྱིད་སྒྲོལ་མས་བརྩམས་ཤིང་བསྒྲིགས་པའི《བོད་ཀྱི་རིག་གནས་རྒྱུན་ཤེས》ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཞིང་བཀྲམས་ཡོད།
རྩོམ་པ་པོས་ངོ་སྤྲོད་པ་ལྟར་ན་དེབ་འདི་ནི2013ལོའི་ཟླ་གསུམ་པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་གདན་ཞུས་བཞིན། ལོ་གཉིས་ཀྱི་རིང་ལ་གསར་རྩོམ་དང་ལེགས་སྒྲིག་བྱས་པ་ཡིན་ཞིང་། སྤྱི་ལོ2015ལོའི་ཟླ11པར་དཔེ་ཕུད་ལེགས་པར་འགྲུབ་པ་རེད། དེབ་འདིའི་ནང་དོན་ནི་རྩོམ་པ་པོས་རྒྱུན་ལྡན་འཚོ་བའི་ཁྲོད་བསགས་ཤིང་བསྒྲིགས་པའི་བོད་ཀྱི་ལོ་རྒྱུས་དང་། དམངས་སྲོལ། ཆོས་ལུགས། རྩོམ་རིག་སྒྱུ་རྩལ། གསོ་བ་རིག་པ་སོགས་དང་འབྲེལ་བའི་རྒྱུ་ཆ་དང་རྩོམ་ཡིག་སོགས་ཀྱིས་གྲུབ་ཡོད། དེབ་ཧྲིལ་བོ་ལ་ཚན་པ་བཅུ་གཉིས་ཡོད་ཅིང་། དེ་དག་ནི་བོད་ཀྱི་བྱུང་བ་དང་། སྐད་དང་ཡི་གེ། གནམ་རིག་སྐར་རྩིས། བག་མ་གཏོང་ལེན། ཆས་དང་རྒྱན་གོས། བཟའ་བཏུང་། རྩོམ་རིག་སྒྱུ་རྩལ། གསོ་དཔྱད་སྨན་བཅོས། ཆོས་ལུགས་དད་མོས། འཛེམ་བྱ། ལུས་རྩལ་དང་དུས་ཆེན། རིག་གནས་དམིགས་བསལ་བ། སྔར་གྱི་འདུ་ཤེས་བཅས་ཡིན། དེ་དག་ལས་ཀྱང་བཟའ་བཅའ་དང་། ཆོས་ལུགས་དད་མོས། འཛེམ་བྱ། རིག་གནས་དམིགས་བསལ་བ་བཅས་ཀྱི་སྐོར་ནས་ནང་དོན་གསར་བ་མང་ཞིང་ཀློག་པ་པོས་དགའ་མོས་བྱ་བཞིན་ཡོད།
《བོད་ཀྱི་རིག་གནས་རྒྱུན་ཤེས》ཞེས་པའི་དེབ་འདིའི་ཕྱི་ཤོག་ཇུས་འགོད་ནི་དཀར་བོའི་ཆ་ལ་མཐིང་མདོག་གི་ནམ་མཁས་སྤྲས་ཤིང་། དེ་ལ་རྡོ་འབུམ་དང་མཆོད་རྟེན་གྱིས་བརྒྱན་ནས། སྲོལ་རྒྱུན་གྱི་ཆ་མ་བོར་བའི་སྟེང་ལ་དེང་གི་གསར་བཏོད་ཀྱིས་སྤུད་པའི་སྒོ་ནས་བོད་ཀྱི་རིག་གནས་ཟབ་ཅིང་གནད་ལ་འཁེལ་བའི་ངང་ངོ་སྤྲད་པས། དེབ་ཀྱི་ནང་དོན་དང་པར་ངོས་ཇུས་འགོད་གཉིས་མཐུན་པར་གྲུབ་ཡོད།
རྩོམ་པ་པོ་ལྷ་སྐྱིད་སྒྲོལ་མ་ནི1984ལོའི་ཟླ12པར་མཚོ་སྔོན་ཁྲི་ཀ་རུ་སྐྱེས་ཤིང་། 2006ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་དངོས་གཞི་མཐར་ཕྱིན། ད་ལྟ་མཚོ་ལྷོ་ཁུལ་བོད་ཡིག་གི་བརྡ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་བའི་ཀྲུའུ་རེན་གཞོན་པ་དང་། མཚོ་སྔོན་པོ་དྲ་བའི་གཙོ་སྒྲིག་གཞོན་པ་ཡིན་ལ། བོད་ཀྱི་རིག་གནས་དང་འབྲེལ་བའི་དྲ་ཚིགས་ཀྱི་རྩོམ་སྒྲིག་ལས་ཀ་གཉེར་ནས་མི་ལོ་བཅུ་ལྷག་ཕྱིན་ཡོད། ཁོང་ནི་གསར་འགྱུར་རྩོམ་འབྲི་དང་མི་སྣའི་བཅར་འདྲི། པར་ལེན། སྙན་ངག་དང་ལྷུག་རྩོམ་གསར་རྩོམ་སོགས་ལ་མཁས་ཤིང་། དྲ་ལམ་གྱི་གྲུ་ཀ་མང་པོ་ནས་ཁོང་གི་བརྩམས་ཆོས་མཐོང་ཐུབ། ད་ལྟ་མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཞོར་དུ་ཁུར་ཡོད་ལ། མཚོ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཁོངས་མི་བཅས་ཡིན་ལ། 2010ལོར་བརྩམས་པའི་སྙན་ངག《དབུགས་དབྱུང་ཐོབ་པའི་ཡུལ་ཤུལ》དང《ཡུལ་ཤུལ། ངས་ཁྱོད་ཀྱི་དོན་དུ་ཅི་ཞིག་བྱ་འོས》ཞེས་པ་གཉིས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི《ཞིག་ཤུལ་གྱི་མེ་ཏོག》ཅེས་པའི་སྙན་ངག་དེབ་ཏུ་བདམས་པ་དང་། 2014ལོར་བྲིས་པའི་སྙན་ངག《མགོ་ནག་བོད་པའི་དད་པ》དང《ཆབ་ཆའི་ཟླ་བ》《འབྲལ་མེད》གསུམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི《2014ལོའི་མཚོ་སྔོན་གྱི་སྙན་ངག》ཅེས་པའི་དེབ་ཏུ་བདམས། 2015ལོར་བརྩམས་པའི་ལྷུག་རྩོམ《ང་ཡི་མཐོ་སྒང་གི་ཕྲུ་གུ》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི་ལྷུག་རྩོམ་བསྡུས་དེབ《མཚོ་སྔོན། ང་ཡི་ཕ་ཁྱིམ》ཞེས་པར་བདམས། གཞན་སྙན་ངག་དང་སྙན་ཞུའི་རྩོམ་ཡིག གསར་འགྱུར་གནས་འཕྲིན་སོགས《འབྲི་ཆུའི་ལྷོ་རྒྱུད་ཀྱི་སྙན་ངག》དང《མཚོ་ལྷོའི་རྩོམ་རིག》《མཚོ་ལྷོའི་ཚགས་པར》《མཚོ་སྔོན་ཉིན་རེའི་ཚགས་པར》《ནུབ་མཚོའི་གྲོང་ཁྱེར་ཚགས་པར》སོགས་སུ་བཀོད་ཡོད།
《བོད་ཀྱི་རིག་གནས་རྒྱུན་ཤེས》དྲ་ལམ་ནས་ཉོ་བའི་སྦྲེལ་ཐག (http://book.kongfz.com/14239/453460203/#0-tsina-1-44438-397232819ff9a47a7b7e80a40613cfe1)
(རྩོམ་སྒྲིག་འགན་འཁུར་པ། འཇམ་དཔལ།)