ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་རྙིང་པའི་སྐུ་དྲག་ཅིག་གི་མི་ལོ་དྲུག་ཅུ་རེ་ལྔ།

2016-05-24

འདི་ནི་སྐལ་བཟང་ནོར་བུས་ཁྱིམ་དུ་བརྙན་འཕྲིན་ནས་NBAལན་ཆིའུ་སྤོ་ལོའི་འགྲན་བསྡུར་ལྟ་བཞིན་ཡོད་པ།


ལོ་དྲུག་ཅུ་ལྷག་ཙམ་གོང་། དབྱིན་ཇིའི་BSA(མདེལ་གསུམ)རྟགས་ཅན་གྱི་སྦག་སྦག་འཁོར་ལོའི་འུར་སྒྲས་ལྷ་ས་སྐྱིད་ཆུའི་འགྲམ་གྱི་དྲུང་སྤྱི་གླིང་ཁའི་ཁུ་སིམ་ཁད་ཀྱིས་དཀྲོགས། ལྕང་གསེབ་ཀྱི་མཁའ་དབྱིངས་སུ་ཐལ་རྡུལ་ལང་ལོང་དུ་འཕྱུར་བ་དང་། སྟེར་བཟོ་དོད་པའི་ཕོ་གཞོན་ཞིག་སྦག་སྦག་བཞོན་ནས་ཀུན་གྱི་མིག་ལམ་དུ་ཐོན་བྱུང་། ཕོ་གཞོན་དེ་ནི་སྐལ་བཟང་ནོར་བུ་ཡིན། ཁོང་ནི“ལྷོ་ཁའི་རྒྱལ་པོ”ཞེས་སུ་གྲགས་པའི་ལྷ་རྒྱ་རིའི་ཁྲི་ཆེན་གྱི་གཅུང་པོ་ཆུང་གྲས་ཡིན།

《རྒྱལ་རབས་གསལ་བའི་མེ་ལོང》ནང་འཁོད་པར་གཞིགས་ན། སྤྱི་ལོ་842ལོར། བོད་བཙན་པོའི་དུས་མཇུག་གི་བཙན་པོ་འུ་དུམ་བཙན་པོ(གླང་དར་མ)བཀྲོངས་རྗེས། གངས་ལྗོངས་ཡོངས་སུ་བྲན་གཡོག་གི་འོས་ལངས་ཆེན་པོ་ཞིག་བྱུང་ཞིང་། བཙན་པོའི་རྒྱལ་རྒྱུད་མངའ་རིས་སུ་ཉེན་གཡོལ་བྱས་ནས་བྲན་གཡོག་འོས་ལངས་ལས་ཐར་ཐུབ་པ་བྱུང་ཡོད། སྤྱི་ལོའི་དུས་རབས་12ཙམ་ལ། འོད་སྲུང་བཙན་པོས་གཙོས་པའི་བཙན་པོའི་གདུང་རྒྱུད་གཅིག་ཡར་ཀླུང་དུ་བྱོན་ནས“ཡར་ཀླུང་ཇོ་བོ”ཞེས་པའི་ས་གནས་བཅད་བཟུང་གི་སྟོབས་ཤུགས་ཤིག་བཙུགས། དེ་ནས་རིམ་བཞིན་ལྷ་རྒྱ་རིའི་རྒྱལ་རྒྱུད་ཆགས། བོད་ཞི་བས་བཅིངས་འགྲོལ་མ་བཏང་བར། ལྷ་རྒྱ་རིའི་རྒྱལ་རྒྱུད་ནི་བོད་རྙིང་པར་ཤུགས་རྐྱེན་ངེས་ཅན་ལྡན་པའི་སྐུ་དྲག་གི་སྟོབས་ཤུགས་ཤིག་ཡིན།

བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་65འཁོར་བའི་མཚམས་སུ། ལོ་77ལ་སོན་པའི་སྐལ་བཟང་ནོར་བུས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཁོང་ལོ་13སྐབས་ཀྱི་གནས་ཚུལ་ཕྱིར་དྲན་བྱས་ནས་བཤད་བྱུང་། རྩོམ་གྱི་གོང་དུ་བརྗོད་པའི་ཞོགས་པའི་ཉི་ཟེར་འོག་སྟེར་བཟོ་དོད་པའི་ཕོ་གཞོན་ཞིག་གིས་དྲུང་སྤྱི་གླིང་ཁའི་ལྕང་གསེབ་ཁྲོད་མི་གཉིས་ཀྱིས་མ་གཏོགས་འབུད་རྒྱག་གཏོང་མི་ཐུབ་པའི་སྦག་སྦག་བཞོན་ནས་སློབ་གྲྭར་སྐྱོད་པའི་རྣམ་པ་དེ་ཡིན། ཁོང་གིས་སྐབས་དེའི་རྣམ་པ་སླར་ཡང་མིག་ལམ་དུ་མཐོང་བ་ལྟར“སྐབས་དེ་དུས། ང་ལུས་སྟོབས་ཆེ་ཞིང་ཤུགས་དང་ལྡན་པ་ཞིག་ཡོད”ཅེས་བཤད་བྱུང་།

གླིང་གེ་སར་རྒྱལ་པོ་ནི་བོད་ཀྱི་དམངས་ཁྲོད་ཁ་རྒྱུན་སྒྲུང་གཏམ་ནང་མཐའ་བཞིར་གཡུལ་འགྱེད་དེ། བདུད་སྣ་ཚོགས་ཆམ་ལ་ཕབ་མཁན་དཔའ་བོ་ཞིག་ཡིན། ཆུང་བྱིས་པའི་དུས་ནས་གེ་སར་རྒྱལ་པོའི་མཛད་རྗེས་ཉན་ནས་ཚར་ལོངས་བྱུང་བའི་སྐལ་བཟང་ནོར་བུ་ལྟོ་གོས་ལ་སེམས་ཁྲལ་བྱེད་དགོས་མེད་ཀྱང་སེམས་ནང་རྟག་ཏུ་སྟོང་ལྷང་ལྷང་གི་ཚོར་སྣང་ཞིག་ཡོང་གི་ཡོད།

མི་སེར་ཚོའི་འཚོ་བ་དཀའ་སྡུག་ཆེ་བ་དང་། རང་ཉིད་དང་ནང་མི་ཚོ་ངལ་རྩོལ་བྱེད་མི་དགོས་པར་རྫོགས་རྒྱུ་མེད་པའི་ཟས་ཞིམ་དང་། བཟོ་ལྟ་འདྲ་མིན་གྱི་གྱོན་གོས་ཡོད་པས། ཁོང་གི་སེམས་ནང་འདྲ་མཉམ་མེད་པའི་འདུ་ཤེས་བྱུང་བ་དང་། ལོ་ཆུང་དུས་ནས་ཞིང་བྲན་ལ་གདུང་སེམས་སྐྱེས། སྐལ་བཟང་ནོར་བུས“1954ལོར་ཁོང་པེ་ཅིང་ཀྲུང་དབྱང་མི་རིགས་སློབ་གླིང་དུ་སློབ་སྦྱོང་བྱེད་པར་བསྐྱོད་རྗེས། རང་གིས་ཀློག་པའི་དེབ་དང་འབྲེལ་གཏུག་བྱེད་པའི་འཁོར་རྒྱ་དེ་བས་ཆེ་རུ་ཕྱིན་སོང་ལ། འཇིག་རྟེན་དེར་འཛིན་པའི་ལྟ་སྟངས་ཀྱང་དེ་བས་ཁ་གསལ་དུ་ཕྱིན་སོང་། སེམས་ནང་ལའང་སྐབས་དེའི་སྤྱི་ཚོགས་སྒྱུར་བཅོས་བྱེད་དགོས་ངེས་ཡིན་པའི་བསམ་བློའི་མྱུ་གུ་འབུས་སོང”ཞེས་བཤད་བྱུང་།

“ངའི་གཅེན་པོས་ཀྱང་བཀའ་ཤག་སྲིད་གཞུང་ལ་སྒྱུར་བཅོས་བྱེད་དགོས་པ་དང་། ས་ཞིང་མི་སེར་ཚོར་བགོས་དགོས་པ། ཁྲལ་འུ་ལག་མེད་པ་བཟོ་དགོས་པའི་གྲོས་འགོ་འདོན་མྱོང་ཡོད། སྐབས་དེ་དུས་གཅེན་པོས་གྲོས་འགོ་བཏོན་རྗེས། སྐུ་དྲག་དང་དཔོན་རིགས་མང་པོའི་བློ་ལ་ཕྱིན་མེད། འོན་ཀྱང་གཅེན་པོས་རང་ནུས་ཡོད་རྒུ་བཏོན་ཏེ་ཞིང་བྲན་དང་མི་སེར་དཀྱུས་མའི་ཁྱིམ་ཚང་གི་ཕྲུ་གུ་མང་པོ་ནང་སར་སློབ་སྦྱོང་བྱེད་པར་བཏང་བ་མ་ཟད། ལྷ་རྒྱ་རིའི་ཚ་གཡོལ་ཕོ་བྲང་དུ་སློབ་གྲྭ་གཉེར་ནས་ས་གནས་དེ་གའི་ཞིང་བྲན་ཁྱིམ་ཚང་གི་ཕྲུ་གུ་བདུན་ཅུ་ལྷག་ཙམ་བསྡུས་པ་དང་ཁོང་ཚོར་བོད་ཡིག་དང་ཨང་རྩིས་བསླབས་ཡོད”ཅེས་སྐལ་བཟང་ནོར་བུས་བཤད་བྱུང་།

1959ལོར་དེ་སྔའི་བོད་ས་གནས་སྲིད་གཞུང་གིས་ཞི་བས་བཅིངས་འགྲོལ་གཏོང་སྐབས་བཞག་པའི“གྲོས་མཐུན་དོན་ཚན་བཅུ་བདུན་པ”བརྩི་མེད་དུ་བཏང་སྟེ། ལོ་རྒྱུས་ཀྱི་རླབས་རྒྱུན་ལས་འགལ་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས། སྐབས་དེ་དུས་སྐལ་བཟང་ནོར་བུའི་གཅེན་པོ་ཕོ་བྲང་ནང་ཉེས་ཅན་པས་དཀྲོངས་གྲབས་བྱས། མཐར་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱའི་འགོ་ཁྲིད་དེ་ཟིང་འཁྲུག་མྱུར་དུ་ཞོད་འཇགས་དང་དམངས་གཙོའི་བཅོས་སྒྱུར་བྱས་ནས། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ལྕགས་སྒྲོག་རྦད་དེ་མེད་པ་བཟོས་ཡོད།

བོད་རྙིང་པའི་སྐུ་དྲག་གི་རྒྱུད་པ་ཡིན་པའི་སྐལ་བཟང་ནོར་བུར་སྤྱི་ཚོགས་རིང་ལུགས་བོད་གསར་གྱི་སྤྱི་དམངས་ཀྱི་ཐོབ་ཐང་གསར་པ་ཞིག་རག་ཡོད། ཁོང་གིས་བོད་རྙིང་པའི་ལམ་ལུགས་ལ་འགྱུར་ལྡོག་གཏོང་དགོས་ཀྱང་། ཆོས་སྲིད་ཟུང་འབྲེལ་གྱི་རྩ་བ་བརྟན་པོ་ཡོད་པས། མི་དམངས་ལ་དེར་འགྱུར་ལྡོག་གཏོང་བའི་སྟོབས་ཤུགས་རྩ་བ་ནས་མེད། སྐུ་དྲག་ཁྲོད་ལའང་སྒྱུར་བཅོས་བྱེད་པར་འགོག་རྐྱེན་ཆེན་པོ་ཡོད། “གུང་ཁྲན་ཏང་མེད་ན། བོད་རྙིང་པའི་འདྲ་མཉམ་མེད་པའི་སྤྱི་ཚོགས་ལམ་ལུགས་ལ་འགྱུར་ལྡོག་གཏན་ནས་གཏོང་མི་ཐུབ”ཅེས་བཤད་བྱུང་།

སྐལ་བཟང་ནོར་བུས་མིའི་རིགས་བཅིངས་འགྲོལ་གཏོང་བའི་བརྒྱུད་རིམ་ནང་། གཉའ་གནོན་གཏོང་མཁན་དང་གཉའ་གནོན་ཕོག་མཁན་དབར་གྱི་གདོང་གཏུག་ཡོད། གཉའ་གནོན་གཏོང་མཁན་མགོ་རྟིང་སློག་ཐུབ་ཚེ། རྒྱ་ཆེའི་གཉའ་གནོན་ཕོག་མཁན་ལ་གཞི་ནས་འདྲ་མཉམ་དང་རང་དབང་ཐོབ་ཐུབ། “ལུས་པོའི་འཆིང་ཐག་ལས་ཐར་རྗེས། ད་དུང་བསམ་བློར་བཅིངས་འགྲོལ་བཏང་ནས་དེ་བས་ལེགས་པའི་འཕེལ་རྒྱས་ཀྱི་ཁེ་དབང་བརྩོན་ལེན་བྱེད་པ་ནི་འཛམ་གླིང་རང་བཞིན་གྱི་གླེང་གཞི་ཡིན”ཞེས་བཤད་བྱུང་།

ད་ཆ། སྐལ་བཟང་ནོར་བུ་དང་བཟའ་ཟླ། བུ་མོ་བཅས་མཉམ་དུ་བདེ་སྐྱིད་འཚོ་བར་རོལ་བ་དང་། བུ་པེ་ཅིང་དུ་ལས་ཀ་བྱེད་ཀྱི་ཡོད། རྒན་ཡོལ་ཞུས་ནས་ལོ་10ལྷག་ཙམ་སོང་བའི་ཁོང་ལ་ཟླ་རེར་རྒན་གསོའི་དངུལ་ལེན་རྒྱུ་ཡོད། ད་ཆ་ཁོང་གི་ནང་མི་ཚང་མ་ལྷ་སའི་བྱང་འདབས་ཀྱི་ཐོག་སོ་གཉིས་ལྡན་གྱི་སྒོ་ར་ཡོད་པའི་བོད་བཟོའི་ཁང་པ་ཞིག་ཏུ་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད།

འབྲེལ་ཡོད་རྩོམ་ཡིག