ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཞིས་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ཐུང་མུའུ་ཁེ་ཅི་དང་གྲོས་མོལ་གནང་བ།

2016-05-30

        ཟླ་5ཚེས་26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱ་གར་གྱི་ཙུང་ཐུང་མུའུ་ཁེ་ཅི་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཐང་ཆེན་ཐོག་མུའུ་ཁེ་ཅིར་ཕེབས་བསུ་ཞུ་བའི་མཛད་སྒོ་འཚོག་པའི་གནས་ཚུལ་ཡིན་པ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་རྒྱ་གར་གྱི་ཙུང་ཐུང་མུའུ་ཁེ་ཅི་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་ཤེས་དཔལ་ཐད་ཕན་ཚུན་སློབ་སྦྱོང་སྲོལ་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་གཉིས་པོ་ཕྱོགས་ཡོངས་ནས་མཉམ་ལས་ཡོང་བར་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་རྒྱ་གར་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱ་རྒྱུ་དང་། ཕྱོགས་གཉིས་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་མ་བཏང་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་འདོད་ཡོད་ཚུལ་བསྟན་གནང་བ་རེད།

ཞིས་ཅིན་ཕིང་གིས། ཉེ་བའི་ལོ་ཤས་ནང་། ཀྲུང་གོ་དང་རྒྱ་གར་དབར་གྱི་འབྲེལ་བ་འཕེལ་རྒྱས་མྱུར་བའི་དུས་ཚོད་ལ་སླེབས་པས། ཕྱོགས་གཉིས་ཀས་ཀྲུང་གོ་དང་རྒྱ་གར་གྱི་ཞི་བདེ་དང་དར་རྒྱས་ཡོང་བའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་འཆར་འགོད་འདིང་བ་དང་མཉམ་ལས་ཀྱི་སྒྲོམ་གཞི་ཁ་གསལ་བཟོ་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་བྱས་ཡོད། ད་ཆ་ཕྱོགས་གཉིས་ཀས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་བྱས་ནས་ཁྱིམ་མཚེས་རྒྱལ་ཁབ་མཛའ་མཐུན་དང་གཉིས་ཕན་མཉམ་ལས་ཀྱི་བརྗོད་དོན་གཙོ་བོ་མཐའ་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་པོའི་མཉམ་ལས་བྱེད་ཁྱོན་ཆེ་རུ་གཏོང་བ་དང་འཕར་གཞི་སྔར་ལས་མང་བ་སྐྱེད་སྲིང་གིས་ཀྲུང་གོ་དང་རྒྱ་གར་དབར་གྱི་འབྲེལ་བའི་འཕེལ་རྒྱས་སྔར་བས་མགྱོགས་པ་དང་ཡག་པ་ཞིག་ཡོང་བ་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་བ་མང་ཙམ་བསྐྲུན་རྒྱུ་ཡིན་ཞེས་གསུངས།

ཞིས་ཅིན་ཕིང་གིས། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཀྱི་རྨང་རྡོ་བརྟན་དུ་གཏོང་དགོས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་ངེས་པར་དུ་འཐབ་ཇུས་འབྲེལ་ལམ་རྒྱུན་འཁྱོངས་ཡོང་བ་དང་། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་རྩེ་རིམ་ཇུས་འགོད་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱོགས་གཉིས་པོས་ཕྱོགས་གཉིས་ཀའི་དབར་སྐད་ཆ་ཤོད་རེས་ཀྱི་ལམ་སྲོལ་སྣ་ཚོགས་ལེགས་པར་སྤྱད་དེ་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་བྱ་ཤུགས་ཆེ་རུ་གཏོང་དགོས། ཕྱོགས་གཉིས་ཀས་དངོས་སྒྲུབ་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་བཏོན་ནས་ལྕགས་ལམ་དང་། ཐོན་ལས་གླིང་། རིག་ལྡན་གྲོང་ཁྱེར་སོགས་ཐད་མཉམ་ལས་བྱས་པར་ཕན་འབྲས་སྔ་ཙམ་ཐོན་རྒྱུར་སྐུལ་མ་གཏོང་དགོས། ནུས་རྒྱུ་གསར་པ་དང་། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། ཆ་འཕྲིན་ལག་རྩལ། མི་ཤུགས་ཐོན་ཁུངས་སོགས་ཐད་ལེགས་ཆ་གསབ་རེས་འཚོལ་ཞིབ་བྱེད་དགོས།

ཐོན་ནུས་དང་། མ་འཇོག ཡུལ་སྐོར། ཞབས་ཞུའི་ཉོ་ཚོང་སོགས་ཀྱི་ཁྱབ་ཁོངས་ཐད་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྦྲེལ་ཟམ་དམ་དུ་བཏང་ནས་ཀྲུང་གོ་དང་རྒྱ་གར་དབར་གྱི་རིག་གནས་སྤེལ་རེས་འཆར་གཞི་མུ་མཐུད་དོན་འཁྱོལ་བྱེད་དགོས། ཀྲུང་གོས་རྒྱ་གར་དང་མཉམ་དུ་འགྲོ་ལུགས་སྣ་ཚོགས་ཁུ་བསྡུ་རུ་གཏོང་བའི་ཐད་འཚོལ་ཞིབ་ཀྱིས་རྒྱལ་ཁབ་གཉིས་པོའི་མི་ཕན་ཚུན་འགྲོ་འོང་ལ་སྟབས་བདེ་དང་ས་གནས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་བདེ་འཇགས་ཁྲིམས་འཛིན་སོགས་ཀྱི་ཁྱབ་ཁོངས་ཐད་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་ཐུན་མོང་བདེ་འཇགས་ལ་སྐུལ་མ་གཏོང་དགོས། ཕྱོགས་གཉིས་པོས་ཕན་ཚུན་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་གྱིས་ཀྲུང་གོ་གཅིག་གི་ལངས་ཕྱོགས་མཐའ་འཁྱོངས་གནང་བར་བསྔགས་བརྗོད་བྱ་རྒྱུ་ཡིན་ཞེས་ནན་གསུངས་གནང་བ་རེད།

མུའུ་ཁེ་ཅིས། རྒྱ་གར་དང་ཀྲུང་གོ་གཉིས་ཀ་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཡིན་ལ། འཛམ་གླིང་ཐོག་གསར་དར་དཔལ་འབྱོར་དངོས་ཚན་ཆེན་པོ་གཉིས་དང་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན། རྒྱ་གར་དང་ཀྲུང་གོའི་དབར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་མཐུན་འབྲེལ་བ་དེ་རྒྱ་གར་དུ་དམངས་ཀྱི་རྨང་གཞི་རྒྱ་ཆེན་པོ་ཡོད་ལ། རྒྱ་གར་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ཡག་པོ་ཡོང་བར་རྒྱ་གར་ཏང་ཤོག་ཁག་གིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད།

2014ལོར་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རྒྱ་གར་ལ་རྒྱལ་དོན་འཚམས་འདྲི་གནང་བར་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ནས་རྒྱ་གར་དང་ཀྲུང་གོའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་སོང་ཡོད། ད་ཆ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཕྱོགས་གཉིས་པོའི་ཁྱབ་ཁོངས་ལས་བརྒལ་ནས་རྒྱ་གར་དང་ཀྲུང་གོའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་གི་ཞི་བདེ་དང་། དར་རྒྱས། འཕེལ་རྒྱས་ལ་སྐུལ་མ་གཏོང་ཐུབ་པས། རྒྱ་གར་ཕྱོགས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མུ་མཐུད་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཉོ་ཚོང་མ་འཇོག་སོགས་ཀྱི་ཁྱབ་ཁོངས་ཐད་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཐད་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་ལམ་མཐུན་སྦྱོར་ཟབ་ཏུ་གཏོང་བ་བཅས་བྱེད་འདོད་ཡོད། རྒྱ་གར་གྱིས་ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་དང་ཕ་ཁི་སི་ཐན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནང་ཞུགས་རྒྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

འབྲེལ་ཡོད་རྩོམ་ཡིག