ཟླ་7ཚེས་21ཉིན་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་བདེ་ཆེན་སྐལ་བཟང་ཕོ་བྲང་གི་ལྷོ་ངོས་སུ་ཡོད་པའི་སྤང་ལྗོངས་སྟེང་དུ་བཀྲ་ཤིས་ཀྱི་སྤྲིན་དཀར་ལྡིང་ཞིང་ཆོས་དུང་གི་སྒྲ་ཕྱོགས་བཞིར་ཁྱབ་བཞིན་ཡོད་དེ། དར་གོས་སེར་པོས་གཡོགས་པའི་བཞུགས་ཁྲི་མཐོན་པོའི་སྟེང་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཞལ་འདོན་གནང་བཞིན་ཡོད་ཅིང་། བཞུགས་ཁྲིའི་མདུན་དུ་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། མཚོ་སྔོན། ཀན་སུའུ་བཅས་ཞིང་ཆེན་བཞིའི་བོད་ཁུལ་ནས་ཕེབས་པའི་སྤྲུལ་སྐུ་དང་བླ་མ་སྐྱེས་ཆེན་ལྔ་སྟོང་ལྷག་བཞུགས་ཡོད་པ་དང་། ཡུལ་ཕྱོགས་སོ་སོ་ནས་ཕེབས་པའི་དད་ལྡན་མང་ཚོགས་ཁྲི་10ལྷག་གིས་རང་སར་བསྡད་ནས་ལྷག་བསམ་རྣམ་དག་གིས་པཎ་ཆེན་མཆོག་གི་ལྗགས་ལུང་གནང་བར་ཉན་བཞིན་ཡོད།
གཞིས་ཀ་རྩེ་གྲོང་ཁྱེར་གྱི་ནང་བསྟན་མཐུན་ཚོགས་དང་བཀྲ་ཤིས་ལྷུན་པོ་དགོན་གྱིས་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ལས་གསལ་བ་ལྟར་ན། བཀྲ་ཤིས་ལྷུན་པོ་དགོན་པའི་དགེ་འདུན་གྱི་སྡེ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་རེ་ཞུས་ལྟར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ལོའི་ཟླ་5ཚེས་17ཉིན་ནས་ཚེས་20ཉིན་ཏེ་སྤྱི་ལོ་2016ལོའི་ཟླ་7ཚེས་21ཉིན་ནས་ཚེས་24ཉིན་བར་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་གནང་བའི་སྨོན་ལམ་ཆེན་པོ་འཚོག་རྒྱུ་རེད།
དཔལ་དུས་ཀྱི་འཁོར་ལོའི་དབང་གནང་བ་འདི་ཉིད་བོད་དུ་དར་རྗེས་གྲུབ་ཐོབ་མང་པོ་ཞིག་གིས་དར་སྤེལ་གནང་ཞིང་། དགེ་ལུགས་པའི་སྲོལ་གཏོད་མཁན་རྗེ་རིན་པོ་ཆེ་མཆོག་གིས་འདི་ཉིད་པཎ་ཆེན་སྐུ་ཕྲེང་དང་པོ་མཁས་གྲུབ་རྗེ་ལ་དབང་གནང་ཞིང་། པཎ་ཆེན་སྐུ་ཕྲེང་བཞི་པ་དང་པཎ་ཆེན་སྐུ་ཕྲེང་དགུ་པའང་འདི་ཉིད་རྒྱུན་འཛིན་དར་སྤེལ་གནང་མཁན་ཕུལ་བྱུང་དུ་གྱུར།1953ལོར་བཀྲ་ཤིས་ལྷུན་པོ་དགོན་དུ་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་གནང་བའི་སྨོན་ལམ་ཆེན་པོ་འཚོགས་པ་རེད།
དེར་བརྟེན་ཐེངས་འདིའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དཔལ་དུས་ཀྱི་འཁོར་ལོའི་དབང་གནང་བ་ནི་ལོ་ངོ་63རིང་ཐེངས་དང་པོར་གནང་བ་ཡིན་ལ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གསེར་ཁྲི་མངའ་གསོལ་རྗེས་ཀྱི་ལོ་20ལྷག་ཙམ་རིང་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་གནང་བའི་སྨོན་ལམ་ཆེན་པོ་ཐེངས་དང་པོ་འཚོགས་པའང་ཡིན་པས། རྒྱ་ཆེའི་སེར་སྐྱ་ཆོས་དད་མང་ཚོགས་ལ་མཚོན་ན་འདི་ནི་དངོས་འབྲེལ་རྒྱུ་ཁྱད་པར་ཅན་དཔག་མེད་ཐོབ་པ་ཞིག་རེད།