ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

གློག་བརྙན་ཐུང་གྲས《ཉི་མ་དང་ལུག་ཚེ་ཐར》ཞེས་པ་ཕབ་སྐྲུན་བྱེད་མགོ་བརྩམས་པ།

2016-05-10 བྱུ་རུ།

《ཉི་མ་དང་ལུག་ཚེ་ཐར》གྱི་འཁྲབ་སྟོན་པ་རྣམས་མཉམ་དུ་པར་བསྐྱོན་པ།

གློག་བརྙན་ཐུང་གྲས《ཉི་མ་དང་ལུག་ཚེ་ཐར་ཕབ་སྐྲུན་བྱེད་པའི་འཕྲུལ་ཆས།

《ཉི་མ་དང་ལུག་ཚེ་ཐར》གྱི་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་མཁན། འཁྲབ་སྟོན་པ་རྣམས་མཉམ་དུ་པར་བསྐྱོན་པ།

ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ5པའི་ཚེས6ཉིན། མིང་དུ་གྲགས་པའི་རྩོམ་པ་པོའམ་འཁྲབ་གཞུང་རྩོམ་མཁན་དབྱང་ཉན་ཧྭ་ཡིས་ སྒྲིག་སྒྱུར་བྱས་པའི་གློག་བརྙན་ཐུང་གྲས 《ཉི་མ་དང་ལུག་ཚེ་ཐར》ཞེས་པ་དེ་བོད་ལྗོངས་སློབ་གྲྭ་ཆེན་མོར་ཕབ་སྐྲུན་བྱེད་མགོ་བརྩམས།

གློག་བརྙན་ཐུང་གྲས་འདི་ནི་བོད་རིགས་འཁྲབ་སྟོན་པ་ཨོ་རྒྱན་ནོར་བུ་དང་ཉི་མ་བཀྲ་སངས། དེ་མིན་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྐབས་དང་པོའི་གློག་བརྙན་འཁྲབ་སྟོན་འཛིན་གྲྭའི་སློབ་མ་ཡོངས་ཀྱིས་འཁྲབ་སྟོན་བྱེད་རྒྱུ་ཡིན་ལ། ཕན་ཙེ་ལུང་གིས་འཁྲབ་ཁྲིད་གནང་རྒྱུ་རེད།

འཁྲབ་གཞུང་རྩོམ་མཁན་དབྱང་ཉན་ཧྭ་ཡིས་མཚམས་སྦྱོར་བྱས་དོན། གློག་བརྙན་ལས་བོད་རིགས་བུ་མོ་དཀྱུས་མ་ཞིག་དང་ལུག་གཅིག་གི་གཏམ་རྒྱུད་བཤད་ཡོད། ཉི་མའི་ཆུང་མ་ཚེ་ལས་འདས་རྗེས། མོས་ཚོང་པའི་ལག་ནས་ལུ་གུ་ཆུང་ཆུང་ཞིག་ཉོས་ཡོང་སྟེ་ཚེ་ཐར་ལ་བཏང་། དེ་ནས་བཟུང་། ཉི་མ་དང་ལུག་ཚེ་ཐར་གཉིས་ཀྱིས་གཅིག་སྲོག་གཅིག་ལ་བརྟེན་ཅིང་། འོ་ཆུ་འདྲེས་པ་ལྟ་བུའི་བརྩེ་བ་ཆགས། ལུ་གུས་དུས་ལྟར་སྒོ་བརྡུངས་ནས་བདག་པོ་དང་མཉམ་དུ་ཁྲོམ་སྲང་ལ་ཉུལ་བ་དང་རླངས་འཁོར་ལ་སྡོད་པ། པོ་ཏ་ལར་བསྐོར་བ་རྒྱག་པ་སོགས་བྱེད། དེ་ལས་མི་དང་རང་བྱུང་འཆམ་མཐུན་དང་མི་དང་ལུག་ཚེ་ཐར་གྱིས་སྐྱིད་སྡུག་མཉམ་མྱོང་བྱེད་པའི་ཡིད་འགུལ་ཐེབས་པའི་གཏམ་རྒྱུད་ཅིག་བརྗོད་ཡོད།

མགོ་རྩོམ་པའི་མཛད་སྒོའི་སྟེང་རས་པའི་བྲོ་གར་འཁྲབ་བཞིན་པ།

འཁྲབ་ཁྲིད་པ་ཕན་ཙེ་ལུང་གིས་བཤད་དོན། “འཁྲབ་གཞུང་འདི་ནི་ཡར་སྔོན་དགེ་རྒན་དབྱང་ཉན་ཧྭ་དང་བོད་ལྗོངས་སློབ་གྲྭ་ཆེན་མོའི་གློག་བརྙན་འཁྲབ་སྟོན་འཛིན་གྲྭའི་ཉི་མ་བཀྲ་སངས་དང་ཁ་བརྡ་གློད་སྐབས་ཁོ་ཚོའི་ཁ་ནས་ཉན་ཐོས་བྱུང་བ་ཡིན་ལ། སྐབས་དེར་ང་ལ་ཚོར་བ་ཟབ་མོ་སྦྱིན་སོང་། ང་ནི་བོད་ཀྱི་མི་རིག་རིག་གནས་ལ་ཧ་ཅང་དགའ་ཞེན་ཆེ་མཁན་ཞིག་ཡིན་ལ། གནས་འདིའི་གངས་རི་དང་ལྷ་མཚོ། ནོར་ལུག་དང་འབངས་མི་སེར་དག་གིས་ནམ་ཡང་ངའི་ཡིད་ཀྱི་དང་བ་ཅིག་ཅར་དུ་འདྲེན་ཞིང་། གནས་འདིར་བྱུང་བའི་ཡིད་འགུལ་ཐེབས་པའི་གཏམ་རྒྱུད་རེ་རེ་མི་འཚོལ་ཐབས་མེད་དུ་གྱུར་ཡོད། དེ་བས་སྐབས་དེར་འཁྲབ་གཞུང་འདི་ནི་ངེས་པར་བརྙན་ཡོལ་སྟེང་འཁྱེར་ཡོང་དགོས་པའི་སེམས་ཤུགས་ཤིག་སྐྱེས་བྱུང”

བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གི་སྐབས་དང་པོའི་གློག་བརྙན་འཁྲབ་སྟོན་འཛིན་གྲྭའི་སློབ་མ8ད་ལོ་མཐར་ཕྱིན་དགོས་ཤིང་། མཐར་ཕྱིན་ལ་ཉེ་བའི་བར་སྐབས་འདིར་གློག་བརྙན་ཐུང་གྲས་འཁྲབ་སྟོན་བྱེད་ཐུབ་པ་བྱུང་བ་ནི་ལོ་བཞིའི་སློབ་ཆེན་གྱི་འཚོ་བར་བདེ་བླག་ངང་རྫོགས་ཚིག་བཀོད་པ་རེད།

བོད་ལྗོངས་སློབ་ཆེན་གྱི་སློབ་གཙོ་གཙོ་གཞོན་པ་གཡང་སྒྲོན་གྱིས་བཤད་དོན། བོད་ལྗོངས་སློབ་ཆེན་གྱིས་གློག་བརྙན་འཁྲབ་སྟོན་ཆེད་ལས་བཙུགས་པ་ནི། གཙོ་བོ་གློག་བརྙན་འཁྲབ་སྟོན་དང་རིག་གནས་རྨང་གཞི། ཆེད་ལས་ཤེས་བྱ། དེང་རབས་འཁྲབ་སྟོན་གྱི་རྩལ་ནུས་ལྡན་པའི་སློབ་མ་སྐྱེད་སྲིང་བྱེད་པ་དང་། དེའི་མཚུངས་སུ་གློག་བརྙན་འཁྲབ་སྟོན་དང་གར་སྟེགས་འཁྲབ་སྟོན་སོགས་ཀྱི་ནུས་པ་ལྡན་ཞིང་སྤྱོད་གོ་ཅན་གྱི་ཆེད་དོན་འཇོན་མི་སྐྱེད་སྲིང་བྱེད་པའི་ཆེད་ཡིན། མོས་ད་དུང་གློག་བརྙན་འཁྲབ་སྟོན་གྱི་ཆེད་ལས་ནི་ལག་ལེན་རང་བཞིན་དྲག་པའི་ཆེད་ལས་ཤིག་ཡིན་པས། ཆེད་ལས་འདིར་སློབ་ཁང་ནས་སློབ་ཁྲིད་བྱེད་པ་ཙམ་གྱིས་མི་ཆོག་ལ། སློབ་ཁྲིད་ཁོ་ནར་བརྟེན་པ་ལས་འཁྲབ་སྟོན་སྒྱུ་རྩལ་པ་ཞིག་སྐྱེད་སྲིང་བྱེད་ཐབས་བྲལ། སློབ་གྲྭས་སློབ་མར་ཆེད་ལས་རྨང་གཞིའི་ཤེས་བྱ་དང་ཕྱོགས་བསྡུས་ནུས་པའི་ཐད་ནས་སྐྱེད་སྲིང་བྱེད་པའི་མཚུངས་སུ། སློབ་མར་སྤྱི་ཚོགས་ལ་ཟབ་ཞུགས་དང་འཁྲབ་སྟོན་གྱི་འཐབ་ཕྱོགས་དང་པོར་བསྐྱོད་པའི་སྐུལ་མ་བཏང་སྟེ། ལག་ལེན་ཁྲོད་གཞུང་ལུགས་བཀོལ་སྤྱོད་ཐུབ་པ་དང་ལག་ལེན་ཁྲོད་ཉམས་མྱོང་གསོག་འཇོག་བྱེད་པ། ལག་ལེན་ཁྲོད་འཁྲབ་སྟོན་གྱི་ནུས་པ་མཐོར་འདེགས་བྱེད་པ་བཅས་ཀྱི་ཐད་ལ་འབད་འབུངས་བྱེད་བཞིན་ཡོད་ཅེས་བཤད།

ཐེངས་འདིར་གློག་བརྙན་འཁྲབ་སྟོན་ནང་ཞུགས་པའི་གསལ་སྒྲོན་ནི་ཆུང་དུས་ནས་བྲོ་གར་སྦྱངས་མཁན་ཞིག་ཡིན་ལ། གློག་བརྙན་འཁྲབ་སྟོན་ལ་དགའ་ཞེན་ཆེ་བའི་དབང་གིས་ཆེད་ལས་དེར་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ། “འཁྲབ་སྟོན་གྱི་ཕྱོགས་ནས་ཅི་ཡང་མི་ཤེས་མོད། འོན་ཀྱང་སློབ་གྲྭར་སློབ་སྦྱོང་བྱེད་པའི་གོ་རིམ་ཁྲོད། དེའི་སྐོར་གྱི་རྨང་གཞིའི་ཤེས་བྱར་སློབ་སྦྱོང་བྱས་མྱོང་བས། ལོ་བཞིར་དཀའ་སྤྱད་འབད་བརྩོན་བྱས་པ་དེས་ང་ཚོར་ཤེས་བྱ་དང་འཁྲབ་སྟོན་གྱི་རྩལ་ནུས་མང་པོ་ཤེས་སུ་བཅུག ང་རང་ཉིད་ལ《ཉི་མ་དང་ལུག་ཚེ་ཐར》ཞེས་པའི་གློག་བརྙན་འདི་འཁྲབ་པའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། གློག་བརྙན་འདི་བརྒྱུད་དེ་མི་སྔར་ལས་མང་པོས་བོད་ཀྱི་རིག་གནས་ལ་རྒྱུས་ལོན་འབྱུང་ཐུབ་པར་སྨོན།

འབྲེལ་ཡོད་རྩོམ་ཡིག