ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

ཆཱང་དང་། ཐུ་ལུ་ཧུན། ཏང་ཞང་སོཊ་ཀྱང་བོད་ཀྱི་ལོ་རྒྱུས་ཀྱི་ཡན་ལག་བསྙོན་མེད་ཡིན།

2014-12-09 འཇམ་དབྱངས་དར་རྒྱས།
  དེ་ཡང་ཆཱང་ཞེས་པ་ནི་བྱང་བ་ཧ་ཅང་སྔ་བའི་མིང་ཞིག་སྟེ་མིང་འདི་རྒྱའི་ཧྲང་རྒྱལ་རབས་དུས(སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་བདུན་ཙམ་ནས་སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་གཅིག་ཙམ་བར)ཀྱི་རུས་བརྐོས་ཡི་གེའི་ཁྲོད་དུའང་མང་དུ་བྱུང་བར་བརྗོད་ཅིང་། དེའི་ཕྱིས་ཀྱི་རྒྱའི་ཡིག་ཐོག་ལོ་རྒྱུས་རྣམས་སུའང་ཐར་ཐོར་དུ་བཀོད་པ་མང་ནའང་། ཚོ་བ་དེའི་དར་རྒུད་དང་ལོ་རྒྱུས་བརྗོད་གཞིའི་ལེ་ཚན་གཅིག་གི་ནང་ཅུང་ཆ་ཚང་བར་བཀོད་པ་སྔ་ཤོས་ནི《ཧན་རྒྱལ་རབས་ཤར་མའི་ལོ་རྒྱུས》ཁྲོད་ཀྱི《ནུབ་ཆུང་གི་ལོ་རྒྱུས》 འདི་ཡིན་པར་བརྗོད། དེ་བས་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཆཱང་གི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དུས་འདི་ཉིད་ཧ་ཅང་གལ་ཆེར་འཛིན།
  ལར་རྒྱའི་ཧྲང་རྒྱལ་རབས་དང་ཀྲོའུ་རྒྱལ་རབས་དུས་ཀྱི་ཆཱང་ད་ནུབ་རོང་ཞེས་པ་དང་། ཆིན་རྒྱལ་རབས་དང་ཧན་རྒྱལ་རབས་དུས་ཀྱི་ནུབ་ཆཱང་ཞེས་པའི་བར་འབྲེལ་བ་ཅི་འདྲ་ཡོད་ཚུལ་དང་། ལོ་རྒྱུས་སུ་བཀོད་པའི་ཆཱང་ཞེས་པ་དང་ནུབ་ཆཱང་ཞེས་པ་ད་ལྟའི་གོ་དོན་ཐོག་གི་མི་རིགས་ཤིག་ཡིན་ནམ་ཡང་ན་ནུབ་ཕྱོགས་ཀྱི་ཕྱུགས་འཚོ་བའི་ཚོ་བ་མང་པོའི་ཆ་ལུགས་དང་ལས་རིགས་ཙམ་གཞིར་བྱས་ནས་བཏགས་པའི་སྤྱི་མིང་ཙམ་ཡིན་པ། ཆཱང་དང་བོད་ཀྱི་བར་དུ་འབྲེལ་བ་ཅི་འདྲ་ཡོད་པ་སོགས་ཀྱི་ཐད་ལ་ལོ་རྒྱུས་ཞིབ་འཇུག་པའི་ཁྲོད་ན་ད་ལྟའི་བར་དུ་ཀུན་གྱིས་ཚད་མར་འཛིན་པའི་གཅིག་མཐུན་གྱི་ལྟ་བ་ཞིག་བྱུང་མེད་མོད། རྒྱའི་ལོ་རྒྱུས་སུ་བཀོད་པའི་རྨ་ཆུ་དང་ཙོང་རྒྱུད་ཀྱི་ནུབ་ཆཱང་གི་ཚོ་བ་མ་དར་བའི་སྔ་རོལ་ནས་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་མང་པོར་མིའི་རིགས་ཀྱི་འགྲོ་བ་མང་པོ་འཚོ་བཞིན་ཡོད་པ་བོད་རང་གི་ལོ་རྒྱུས་སུ་གསལ་ཞིང་ད་ལྟའི་གནའ་དཔྱད་རིག་པས་བདེན་དཔང་བྱས་ཟིན་པས་ན། བོད་མི་རྣམས་ཀྱི་མེས་པོ་ནི་ཧན་རྒྱལ་རབས་དུས་ཀྱི་པོད་ཆཱང་ངམ་ཡང་ན་རྒྱལ་ཁབ་བཅུ་དྲུག་དུས་ཀྱི་ཞན་པེ་མི་རིགས་རེད་ཅེས་པ་ལྟ་བུའི་དེ་སྔའི་སྐྱེ་བོ་ཁ་ཅིག་གི་འདོད་ཚུལ་དེ་དག་རྐང་ཚུགས་ཐབས་མེད་པ་སྨྲ་དགོས་མེད་ལ། གནའ་བོའི་ལོ་རྒྱུས་དེབ་ཐེར་ནང་གི་ཆཱང་དང་བོད་ཀྱི་བར་དུ་མཐའ་གཅིག་ཏུ་མཚུངས་རྟགས་འགོད་པའི་འདོད་ཕྱོགས་དེ་འདྲ་ཡང་ཐལ་དྲགས་པའི་ལྟ་ཚུལ་དུ་ངེས་པ་གདོན་མི་ཟ་སྟེ། དེང་གི་འཇང་རིགས། འཇང་རིགས་ཀྱི་བྱེ་བྲག་ཅིག་ཏུ་བགྲང་བའི་མོ་སོ། ཆཱང་རིགས། དབྱིས་རིགས། ལི་སུའུ་རིགས། པའི་རིགས། ཧ་ཉི་རིགས། ལ་ཧྭའུ་རིགས། ཅིང་ཕོ་རིགས། ཅི་ནུའུ་རིགས། ཕུའུ་སྨི་རིགས། ཏེ་ཨང་རིགས། ཏུའུ་ལུང་རིགས། ནུའུ་རིགས། ཨ་ཁྲང་རིགས། ཐུའུ་ཅ་རིགས་བཅས་མི་རིགས་དུ་མའི་ཆད་ཁུངས་ཀྱང་གནའ་དུས་ཀྱི་ཆཱང་ཡིན་པར་བརྗོད་པ་དང་། ཕྱིའི་རྒྱལ་ཁབ་འབར་མ་དང་། རྒྱ་གར་གྱི་ཨ་སམ་མངའ་སྡེ། ཐའི་ལན། ཝེ་ཐེ་ནམ། ལོ་སོ་སོགས་སུའང་གནའ་བོའི་ཆཱང་གི་རྒྱུད་ལས་ཆད་པའི་མི་རིགས་མང་པོ་ཡོད་པར་རྗོད་བཞིན་པས་སོ།། དེ་ལྟ་ན་ཡང་རྒྱའི་ལོ་རྒྱུས་སུ་ཆཱང་དུ་འབོད་པའི་ཚོ་བ་དེ་དག་དང་ད་ལྟ་བོད་དུ་འབོད་པའི་མི་རིགས་འདིའི་བར་དུ་རུས་རྒྱུད་ཁྲག་རྒྱུད་ཀྱི་འབྲེལ་བ་དམ་པོ་ཞིག་ནི་ཅིས་ཀྱང་ཡོད་པར་འདོད་མོད། དེ་ལྟའི་འབྲེལ་བ་ནི་ཧན་རྒྱལ་རབས་ཙམ་གྱི་སྐབས་སུ་གཞི་ནས་བྱུང་བ་མ་ཡིན་པར། དེང་རབས་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་ལྷ་སའི་སྐྱིད་ཆུ་དང་མྱང་ཆུའི་རྒྱུད་ནས་གནའ་བོའི་ཚོ་བོ་ཁག་ཅིག་བྱང་ཐང་དང་། དེ་ནས་གདང་ལ་བརྒལ་ནས་རྨ་འབྲིའི་མགོ་ཁུངས་དང་རྨ་ཆུའི་ཁུགས་སོར་གནས་སྤོས་པའི་ལམ་ཐིག་ཅིག་བཀོད་པ་ལྟར་ཧ་ཅང་སྔ་མོ་སྔ་མོའི་དུས་ནས་བྱུང་ཡོད་པར་སྙམ། ཚོ་བ་དེ་དག་ཕྱིས་སུ་དུ་ལྟའི་མཚོ་སྔོན་དང་། ཀན་སུའུ། ཟི་ཁྲོན། ཧྲའན་ཞི། ཧྲན་ཞི། ཉིང་ཞ། ཧོ་ནན། ཞིན་ཅང་སོགས་ཡུལ་ལུང་རྒྱ་ཆེན་པོ་འཚོ་ཞིང་། ཧན་རྒྱལ་རབས་ཀྱི་དུས་སུའང་ནུབ་ཆཱང་ཞེས་པའི་ཚོ་བོ་ཁག་ཅིག་བོད་ཀྱི་བྱང་རྒྱུད་དང་ཤར་རྒྱུད་ཀྱི་ཡུལ་གྲུ་རྣམས་སུ་གནས་ཡོད་པ་ནུབ་ཆཱང་གི་ལོ་རྒྱུས་སུ་བཀོད་པ་ཇི་བཞིན་ནོ།།
  དེ་ཙམ་དུ་མ་ཟད་རྒྱའི་དུས་ཕྱིས་ཀྱི་ལོ་རྒྱུས་ཁག་གི་ཁྲོད་དུ་ཞང་ཞུང་། སུམ་པ། ལྡོང་མི་ཉག མི་ཉག་གི་ཁོངས་སུ་གཏོགས་པའམ་མི་ཉག་དང་འབྲེལ་བ་ཟབ་པའི་པའེ་ལན། ཐན་ཁྲང་། ཏེང་ཊི་གསུམ། ཀྲང་ཆིའུ་པ། བུད་མེད་རྒྱལ་ཁབ། ཏོ་མི། པའེ་ཀོའུ་བཅས་ཚང་མ་ཆཱང་གི་མི་རྒྱུད་ཡིན་པར་སྨྲ་བས། དེ་ལྟ་ན་ལ་དྭགས་དང་ད་ལྟའི་ཞིན་ཅང་གི་ཡུལ་གྲུ་ཁག་ཅིག་ཚུད་པའི་སྟོད་མངའ་རིས་ནས་བྱང་ཐང་དང་མདོ་སྟོད་སྨད་ཚང་མར་ཆཱང་གི་མི་རྒྱུད་ཀྱིས་ཁྱབ་ཡོད་ལ། གོང་སྨྲས་ཚོ་བ་དེ་དག་ལ་རང་རང་གི་ཚོ་བའི་མང་ལས་བོད་ཅེས་པའི་ཐ་སྙད་འདིས་མི་འབོད་པ་ཙམ་མ་གཏོགས། དབུས་གཙང་རྒྱུད་ཀྱི་བོད་དང་རྩ་བ་ནས་འབྲེལ་བ་མེད་པའམ་དེ་ལས་ཡོངས་སུ་ཡན་གར་བའི་མི་རིགས་ཤིག་ནི་མ་ཡིན་པར་སེམས་ཏེ། མི་རིགས་གཞན་དང་འགྲོ་འོང་ཉུང་ཞིང་རང་ཉིད་ཀྱི་སྲིད་དབང་ཆ་ལག་ཚང་བཙུགས་མེད་པའི་གནའི་ཚོ་བ་དག་ལ་མཚོན་ན་གཞན་དང་དབྱེ་བ་དགར་བྱེད་ལ་ཚོ་བའི་མིང་སྤྱོད་པ་ཤས་ཆེ་བ་དེ་ནི་གོ་བ་ལེན་སླ་བ་ཞིག་རེད།
  དེ་ལྟའི་སྔོན་འགྲོའི་སྟེང་ནས《ནུབ་ཆཱང་གི་ལོ་རྒྱུས》སུ་བཀོད་པའི་ཆཱ་པའི་ཚོ་བ་ཁག་འཚོ་སའི་གནས། འཚོ་བའི་གོམས་སྲོལ། ཐོན་སྐྱེད་བྱེད་སྟངས། གཤིས་རྒྱུད་སོགས་ཕྱོགས་མང་པོར་བརྟགས་པ་ཡིན་ན། གནའ་སྔ་མོའི་དུས་ཀྱི་ཚོ་བ་དེ་དག་ད་ལྟའི་མདོ་ཁམས་ས་ཆའི་བོད་རིགས་ཀྱི་ཆད་ཁུངས་གལ་ཆེན་ཞིག་ཡིན་པར་ཡང་གོ་བ་ལེན་མི་ཐུབ་པ་ཅི་ཡང་མེད། གོང་སྨྲས་རྒྱུ་མཚན་དེ་དག་ལ་བརྟེན་ནས་ཁོ་བོས་ནུབ་ཆཱང་གི་ལོ་རྒྱུས་སོགས་ཀྱང་བོད་ཀྱི་གནའ་བོའི་ལོ་རྒྱུས་ཀྱི་གྲུབ་ཆར་བརྩིས་ནས་དེབ་འདིའི་ནང་དུ་བསྒྱུར་བ་ཡིན།
  ཐུ་ལུ་ཧུན་གྱི་དབང་སྒྱུར་པ་ནི་རྒྱའི་གནའ་དེང་གི་མཁས་པའི་ཁྲོད་དུ་ཤར་ཧོར་གྱི་རིགས་ཞན་པེ་ལས་ཆད་པར་འདོད་མཁན་མང་། ཐུ་ལུ་ཧུན་གྱི་མངའ་རིས་གཙོ་བོ་ད་ལྟའི་མཚོ་སྔོན། ཀན་ལྷོ། རྔ་བ་སོགས་ཀྱི་ཡུལ་འདི་ཡིན་གཤིས(ད་ལྟའི་ཞིན་ཅང་གི་ཡུལ་ཁག་ཅིག་ཀྱང་འདུས)རང་ཅག་བོད་མིའི་ཁྲོད་དུའང་མཚོ་སྔོན་སོགས་ཀྱི་བོད་རིགས་ནི་འ་ཞའི་རྒྱུད་ཡིན་པ་དང་། འ་ཞ་ནི་ཞན་པེའི་རྒྱུད་ཡིན་པས་བོད་རིགས་མིན་ཞེས་ཅི་དགར་རྗོད་བཞིན་པ་ཐེངས་གཅིག་མིན་དུ་མར་ཐོས་མྱོང་ཡང་དེ་ནི་བོད་གནའ་རབས་ཀྱི་ལོ་རྒྱུས་རིག་གནས་ལ་རྒྱུས་ཆུང་ཞིང་། གཞན་གྱི་ཟེར་སྒྲོས་ཀྱི་རྗེས་ལ་མ་བརྟགས་མ་དཔྱད་པར་གཡམ་རྒྱུག་བྱས་པ་ལས་བྱུང་བའི་ལོག་རྟོག་ཆེན་པོ་ཞིག་སྟེ། བོན་གྱི་བསྟན་འབྱུང་སོགས་སུ་སྟོན་པ་གཤེན་རབས་ཀྱི་དུས་ཀྱི་འ་ཞ་ཞེས་པའི་མིང་མང་དུ་བཀོད་པ་དང་། བོད་ཀྱི་ལོ་རྒྱུས་དང་རུས་མཛོད་དུའང་འ་ཞའི་མིང་མང་དུ་འབྱུང་ལ། “འ་ཞ་ལས་སྒ་བྱུང་”ཞེས་དང་། “མི་ནི་མི་ཉག་ལྡོག། མི་ནི་མི་སྲོང(སྟོང)སམ་བྷ། མི་ནི་སེང་རྒ་འ་ཞ། མི་ནི་རྒྱལ་རྗེ་དྲང་དཀར”ཞེས་དང་། “ལྡོང་ལ་རུས་ཆེན་བཅོ་བརྒྱད་སྲིད། སེང་རྒྱས་འ་ཞ་བུ་དགུ་གྲོལ”ཞེས་པ་ལྟ་བུ་སོགས་འ་ཞ་བོད་མིའུ་གདུང་དྲུག་གི་རྒྱུད་ཡིན་པ་ཁ་གསལ་ཚིག་གསལ་དུ་གསུངས་ཡོད། ཐུ་ལུ་ཧུན་རྒྱལ་ཁབ་ཀྱི་རྒྱལ་བློན་དང་འབངས་མིའི་ཁྲོད་ན་བྱང་ཕྱོགས་ཡུལ་གྲུ་ག་གེ་མོ་ཞིག་ནས་འོངས་པའི་བོད་སྐད་སྨྲ་བ་མ་ཡིན་པའི་མི་འབོར་ཞུང་ཉུང་ཞིག་ཡོད་དུ་ཆུག་ཀྱང་། དབང་སྒྱུར་ཤོག་ཁའི་མི་ཉུང་ཤས་ཙམ་ཞན་པེའི་རྒྱུད་ལས་ཆད་པ་ཙམ་གྱིས་ཐུ་ལུ་ཧུན་རྒྱལ་ཁབ་ཀྱི་སྐྱེ་བོ་མཐའ་དག་ཞན་པེའི་རིགས་རྒྱུད་ཡིན་པར་མི་འགྱུར་ཞིང་། རྒྱལ་ཁབ་དེའི་སྐྱེ་བོ་ཕལ་ཆེ་བ་ནི་འ་ཞ་བ་གཙོར་གྱུར་པའི་བོད་ཁམས་ཀྱི་གཉུག་གནས་མི་རིགས་ཡིན་ངེས་པ་དང་། རྒྱའི་མཁས་པ་དེ་དག་གིས་བརྗོད་པའང་ཐུ་ལུ་ཧུན་རྒྱལ་ཁབ་འཛུགས་མཁན་ནམ་རྒྱལ་ཁབ་དེའི་དབང་སྒྱུར་པ་ཞན་པེའི་མི་རྒྱུད་ཡིན་པར་སྨྲས་པ་ཙམ་ལས་ཐུ་ལུ་ཧུན་རྒྱལ་ཁབ་ཀྱི་སྐྱེ་བོ་མཐའ་དག་ཞན་པེ་ཡིན་པར་བརྗོད་པ་ག་ལ་ཡིན། དེབ་འདི་དག་གི་ནང་དུ་བསྒྱུར་བའི་ཐུ་ལུ་ཧུན་གྱི་ལོ་རྒྱུས་ལས་ཀྱང་ཚུལ་དེར་ངེས་ཤེས་རྙེད་ཐུབ། དེ་ནི་དཔེར་ན་ཕྱིས་ཀྱི་མོང་གོལ་རྒྱལ་ཁབ་ཆེན་མོས་ཨེ་ཤ་ཡའི་གླིང་དང་ཡོ་རོབ་གླིང་གི་ཡུལ་གྲུ་ཆེ་ཆུང་གྲངས་ཀྱིས་ལོང་དཀའ་བ་ཞིག་དབང་དུ་བསྒྱུར་ན་ཡང་ཡུལ་གྲུ་དེ་དག་གི་སྐྱེ་བོ་ཕལ་ཆེ་བ་ནི་མོང་གོལ་བ་མ་ཡིན་པའི་སོ་སོའི་གཉུག་གནས་མི་རིགས་ཡིན་པ་སྙོན་དུ་མེད་པས། དབང་སྒྱུར་བའི་མི་འབོར་ཉུང་ཤས་མོང་གོལ་ཡིན་པ་ཙམ་གྱིས་རྒྱལ་ཁབ་དང་ཡུལ་ལུང་དེ་དག་གི་མི་རིགས་རྣམས་མོང་གོལ་རེད་ཅེས་རྗོད་མི་རུང་བ་ལྟ་བུ་རེད།
  འ་ཞ་ནི་བོད་མིའུ་གདུང་དྲུག་གི་ནང་ཚན་སྒ་རུ་གཏོགས་པས(སེ་ལ་གཏོགས་པའི་བཞེད་ཚུལ་ཡང་ཡོད)ཚོ་བ་དེ་ཉིད་བོད་དུ་གཏོགས་པ་སྨྲས་མེད་དང་། སྟོན་པ་གཤེན་རབས་ཀྱི་དུས་ཙམ་ནས་འ་ཞ་ཞེས་པའི་མིང་བྱུང་ཡོད་ཚུལ་བོན་གྱི་བསྟན་འབྱུང་སོགས་སུ་གསལ་བས་ཐུ་ལུ་ཧུན་ལས་ལོ་རྒྱུས་ཧ་ཅང་སྔ་བ་གསལ། དེས་ན་ང་ཚོས་ཐོག་མའི་དུས་སུ་བརྗོད་པའི་འ་ཞ་ཞེས་པ་ནི་བོད་ཀྱི་གནའ་བོའི་ཚོ་བོ་ཆེན་པོ་ཞིག་ལས་ཞན་པེའི་མི་རིགས་མ་ཡིན་པ་རྟོགས་སླ། ཕྱིས་སུ་བྱང་ཤར་ནས་ཡོང་བའི་ཞན་པེ་རིགས་ཐུ་ལུ་ཧུན་གྱི་མི་རྒྱུད་ཀྱིས་མཚོ་སྔོན་སོགས་སུ་ཡོད་པའི་བོད་ཀྱི་ཚོ་བ་རྣམས་དབང་དུ་བསྡུས་ནས་རྒྱལ་ཁབ་བཙུགས་རྗེས་རྒྱའི་སྲིད་དབང་དག་གིས་རྒྱལ་ཁབ་དེར་ཐུ་ལུ་ཧུན་དང་ཧོ་ནན་སོགས་སུ་འབོད་པ་དང་། བོད་ཀྱིས་ཐུ་ལུ་ཧུན་གྱི་འབངས་མི་ཕལ་ཆེ་བ་འ་ཞ་བ་ཡིན་གཤིས་སྔར་མུས་བཞིན་འ་ཞར་འབོད། དེ་བས་ཐོག་མའི་དུས་སུ་འ་ཞ་ཞེས་པ་བོད་ཀྱི་རུས་ཚན་དུ་གཏོགས་པའི་ཚོ་བ་ཆེན་པོ་ཞིག་ཡིན་ཞིང་། སྐབས་དེར་ཐུ་ལུ་ཧུན་ཞེས་པའི་རྒྱལ་ཁབ་ཀྱི་མིང་ཙམ་ཡང་མེད་པས་འ་ཞ་དང་ཐུ་ལུ་ཧུན་གཅིག་ཡིན་ཐབས་མེད་མོད། ཕྱིས་སུ་འ་ཞ་བ་རྣམས་ཐུ་ལུ་ཧུན་གྱི་མངའ་འབངས་སུ་གྱུར་རྗེས་རྒྱལ་ཁབ་དེར་འ་ཞའམ་ཡང་ན་ཐུ་ལུ་ཧུན་ཞེས་ཇི་ལྟར་བོས་ཀྱང་མི་རུང་བ་མེད་པར་སྙམ། ཏུན་ཧོང་ཡིག་རྙིང་དུ་བོད་རྒྱ་ཤན་སྦྱར་གྱི་མིང་བཀོད་པའི་ནང་རྒྱ་ཡིག་ཐུས་ཧུན་ཞེས་པའི་སྐད་དོད་ལ་བོད་ཡིག་ཏུ་འ་ཞ་ཞེས་བྲིས་ཡོད་པ་ལས་ཀྱང་གནས་ལུགས་དེ་བསྟན་པར་སྣང་།
  དེ་ནི་དཔེར་ན་ལྕགས་རི་རིང་པོའི་ཕྱི་རོལ་དུ་ཡོད་པའི་མན་ཇུ་རིགས་ཀྱིས་ཀྲུང་གོ་དབང་དུ་མ་བསྡུས་པའི་སྔོན་དུ་ཅིན་ཕྱི་མའམ་ཆིང་ཞེས་པའི་རྒྱལ་ཁབ་ཀྱི་མིང་དེ་བྱང་ཤར་གྱི་ཡུལ་དེ་ཙམ་ལས་ཀྲུང་གོ་ཧྲིལ་པོར་སྦྱོར་སྲོལ་མེད་ལ། ཀྲུང་གོ་ཞེས་པའི་མིང་དེ་ཡང་མིང་རྒྱལ་རབས་ཀྱི་མངའ་རིས་ལ་སྦྱོར་བ་ལས་ཆིང་རྒྱལ་ཁབ་ལ་སྦྱོར་སྲོལ་ཡོད་མི་སྲིད་ནའང་། ཆིང་གིས་ཀྲུང་གོ་ཧྲིལ་པོ་དབང་དུ་བསྒྱུར་རྗེས་རྒྱལ་ཁབ་ཀྱི་མིང་ལ་ཆིང་དང་ཏ་ཆིང་དང་། ས་ཕྱོགས་སམ་ཡང་ན་རིག་གནས་འདུ་ཤེས་ལས་བྱུང་བའི་མིང་ཀྲུང་གོ་ཞེས་པའི་འབོད་སྲོལ་གཉིས་ཀ་ཡོད་པ་ལྟ་བུ་རེད།།
  དེ་བས་རྒྱའི་ལོ་རྒྱུས་སྨྲ་བ་སྐུ་ཞབས་ཧྥན་ཝུན་ལན་གྱིས་ཀྱང《ཀྲུང་གོའི་རྒྱལ་རབས་རིམ་བྱུང་གི་ལོ་རྒྱུས》སུ“མུའུ་རུང་ཚོ་བའི་སྐུ་དྲག་ཉུང་ཤས་དང་ཆཱང་ཚོ་བའི་ཚོ་དཔོན་མང་པོ་ལྷན་འབྲེལ་གྱིས་དབང་སྒྱུར་གྲལ་རིམ་ཞིག་ཏུ་གྲུབ་ཅིང་། ཞན་པེའི་མི་ཆཱང་རིགས་སུ་གྱུར་པ་ཡིན་པས་ཐུ་ལུ་ཧུན་ནི་དོན་དངོས་སུ་ཆཱང་རིགས་ཀྱི་རྒྱལ་ཁབ་རེད”ཅེས་དང་། “ཆཱང་རིགས་ཀྱིས་མཚོ་སྔོན་དུ་ཐུ་ལུ་ཧུན་རྒྱལ་ཁབ་བཙུགས་པ་ནི་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གཟི་འོད་འབར་བའི་རྟགས་མཚན་ཞིག་རེད”ཅེས་པའི་བཞེད་ཚུལ་བཏོན་ཡོད། དེང་དུས་ཀྱི་ཞིབ་འཇུག་པ་ལས་བོད་ཀྱི་བཙན་པོའི་མི་རྒྱུད་ཞན་པེ་རིགས་ཀྱི་ཡ་གྱལ་ཐོ་པ་ཞན་པེ་ལས་ཆད་པའི་འདོད་ཚུལ་དེ་བསྒྲུབ་ཕྱིར(ད་ལྟ་འདོད་ཚུལ་དེ་ཁས་ལེན་མཁན་ཕལ་ཆེར་མེད)བོད་དང་ཐུ་ལུ་ཧུན་རྒྱལ་ཁབ་གཉིས་སྐད་རིགས་དང་ཡུལ་སྲོལ་མཚུངས་པ་དང་། སྔོན་མ་ནས་འབྲེལ་བ་དམ་པོ་ཡོད་པ་སོགས་ཤེས་བྱེད་མང་པོ་བཙལ་མྱོང་མོད། ཁོང་ཅག་གིས་སྒྲུབ་བྱེད་དུ་དྲངས་པ་དེས་ཏག་ཏག་འ་ཞ་བོད་ཀྱི་རིགས་སུ་གཏོགས་པ་གསལ་བཤད་བྱས་པ་ལས་ཅི་ཡང་མིན།
  དེ་བཞིན་དུ་ཏང་ཞང(ལྡོང)ངམ་མི་ཉག་གི་ཡ་གྱལ་ཏེ་མི་ཉག་རྒྱལ་རབས་འཛུགས་མཁན་ཐོ་པ་ཚོ་བ་ཡང་མི་རིགས་གཞན་གྱི་མཁས་པའི་ཁྲོད་ན་སྒྲུབ་བྱེད་ཉི་ཚེ་བ་འགའ་རེར་བརྟེན་ནས་ཞན་པེ་སོགས་ལས་ཆད་པར་འདོད་མཁན་ད་ལྟའི་བར་ཡོད་ཀྱང་ཆཱང་པའི་རིགས་སུ་གཏོགས་པར་འདོད་མཁན་ཤས་ཆེ་བར་སྣང་། རང་རེའི་རུས་མཛོད་དང་ལོ་རྒྱུས་དེབ་ཐེར་དུ་མི་ཉག་བོད་མིའུ་གདུང་དྲུག་ལས་ལྡོང་གི་རིགས་སུ་གཏོགས་ཚུལ་གྱི་སྐོར་བཀོད་པ་མང་དུ་མཐོང་ཐུབ་པར་མ་ཟད། མི་ཉག་རྒྱལ་ཁབ་ཀྱི་མིས་ཀྱང་རང་ཉིད་ནི་སྤྲེའུའི་རྒྱུད་ཡིན་པར་འདོད་ཚུལ་མི་ཉག་གི་ལོ་རྒྱུས་སུ་བཀོད་ཡོད་པ་དང་། རང་ལ་གདོང་དམར་ཞེས་འབོད་ཚུལ་མི་ཉག་གི་ཡི་གེར་བྲིས་ཡོད་པར་བརྗོད་ལ། རྒྱའི་ལོ་རྒྱུས་དེབ་ཐེར་དུ་བཀོད་པའི་མི་ཉག་གི་ཡུལ། འཚོ་བའི་གོམས་སྲོལ། མི་རིགས་ཀྱི་གཤིས་ཀ་སོགས་དང་། ཉེ་བའི་དུས་རབས་སུ་ད་ལྟའི་ཉིང་ཞ་དང་། ནང་སོག་སོགས་ནས་རྙེད་པའི་འབྲེལ་ཡོད་གནའ་རྫས། དེང་རབས་ཀྱི་མཁས་པས་དག་སྒྲིག་བགྱིས་ཤིང་ཞིབ་འཇུག་གི་འབྲས་བུར་གྲུབ་པའི་མི་ཉག་གི་སྐད་ཆའི་དཔྱད་གཞིའི་ཡིག་རིགས་སོགས་གང་ལ་དཔྱད་ཀྱང་། བོད་བྱིངས་དང་ཁྱད་པར་བག་ཙམ་རེ་ནི་ཡོད་དུ་ཟད་ཀྱང་བོད་ལས་རྩ་བ་ནས་ཡན་གར་བའི་མི་རིགས་ཤིག་མིན་པར་བསམས་ཏེ། དུས་དང་གནས་ཀྱི་ཁྱད་པར་རམ་ད་ལྟ་ས་ཁོངས་རིག་གནས་སུ་བརྗོད་པའི་ཁྱད་པར་དེའི་དབང་གིས་དང་། ལྷག་པར་དུས་ཕྱིས་ཀྱི་མི་ཉག་རྒྱལ་ཁབ་འཛུགས་མཁན་ལྡོང་གི་ཚོ་བ་དེ་དག་མི་ལོ་བརྒྱ་ཕྲག་གསུམ་བཞིའི་རིང་ལ་བོད་བྱིངས་དང་བར་ཐག་རིང་པོས་ཆོད་དེ་བྱང་ཕྱོགས་ཀྱི་ཕྱུགས་འཚོ་བའི་མི་རིགས་དང་རྒྱ་རིགས་དང་ལྷན་དུ་གནས་གཤིས། སྐད་ཆ་དང་ཡུལ་སྲོལ་སོགས་ཀྱི་ཐད་ནས་མི་འདྲ་ས་ཅུང་ཟད་རེ་འབྱུང་བ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པས། དེ་ཙམ་གྱིས་མི་རིགས་གཞན་ཞིག་ལ་བགྲང་དཀའ་བར་སྙམ་པ་བཅས་ལ་བརྟེན་ནས་འདིར་ཐུ་ལུ་ཧུན་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་། ཏང་ཞང་ངམ་ལྡོང་མི་ཉག་གི་ལོ་རྒྱུས་ཀྱང་བོད་ཀྱི་ལོ་རྒྱུས་ཀྱི་ཡན་ལག་ལྟ་བུར་བསྒྱུར་བ་ཡིན།
  བུད་མེད་རྒྱལ་ཁབ་དང་ཧྥུ་རྒྱལ་ཁབ། སུམ་པ་དང་ཞང་ཞུང་སོགས་ནི་ལྷག་པར་ཚུལ་དེ་ལས་མ་འདས་ཏེ། ཤར་རྒྱལ་མོ་རོང་དང་ཁམས་ཕྱོགས་ཀྱི་སྐྱེ་བོ་རྣམས་དང་སུམ་པ་ཞང་ཞུང་སོགས་བོད་སྐད་སྨྲ་བ་ཡིན་མིན་དང་བོད་ལ་གཏོགས་མིན་གྱི་ཐད་དུ་བོད་ཀྱི་མཁས་པའི་ཁྲོད་དུ་ད་ལྟའི་བར་རྩོད་པ་ཅི་ཡང་མེད་ལ་ཡོད་དགོས་དོན་ཡང་མེད། རྒྱའི་མཁས་པའི་ཁྲོད་དུའང་དཔེར་ན་སྐུ་ཞབས་ཝུའུ་ཅུན་གྱིས“མདོ་དབུས་མཐོ་སྒང་གི་ཤར་ཕྱོགས་སུ་ཐར་ཐོར་དུ་གནས་ཤིང་སྤྱི་མིང་ལ་ནུབ་ཆཱང་ངམ་ཆཱང་རོང་ཞེས་འབོད་པ་དང་། དེའི་ཁོངས་སུ་གཏོགས་པའི་ཀྲུང་ཆཱང་དང་ཅ་ལེང་མི་རིགས་སོགས་དང་། སི་ཁྲོན་དང་མཚོ་སྔོན་དུ་ཡོད་པའི་པོད་ཆཱང་དང་ཧྥུ་རྒྱལ་ཁབ་སོགས་དང་། བོད་རང་སྐྱོང་ལྗོངས་ཀྱི་ཡར་ཀླུང་ཁོག་ཏུ་གནས་པའི་སྤུ་རྒྱལ་དང་ཀོང་པོ་སོགས་དང་གཙང་བོད་དང་སུམ་པ་སོགས་ཚང་མ་དོན་དངོས་སུ་སྐད་རིགས་གཅིག་མཚུངས་སྨྲ་མཁན་ཡིན་པ་དང་། ཐུན་མོང་གི་མིང་ལ“བོད་པ”ཞེས་སུ་འབོད་པའི་རིགས་དེར་གཏོགས”ཞེས་གསུངས་པ་དང་། ཁོང་གིས་གོང་སྨྲས་ཚོ་བ་ཁག་དང་། ལྡོང་ངམ་ཏང་ཞང་གི་ཁོངས་སུ་གཏོགས་པའི་ཐན་ཁྲང་དང་པའེ་ལང(ལན)སོགས་མ་གཞི་ནས་བོད་སྐད་སྨྲ་བ་ཡིན་པར་སྒྲུབ་དུས། དེ་དག་གི་ཆད་ཁུངས་སྐོར་གྱི་ངག་རྒྱུན་གཅིག་པ་དང་། ཆོས་ལུགས་རིག་གནས་ཀྱི་འབྱུང་ཁུངས་གཅིག་པ། གོམས་སྲོལ་གཅིག་པ། སྐད་ཆ་གཅིག་པའམ་ཡུལ་སྐད་ཕན་ཚུན་ཉེ་བ་སོགས་ཕྱོགས་འགའི་ཐད་ནས་བསྒྲུབས་པ་དང་། “ཐང་རྒྱལ་རབས་དུས་སྟོད་ཀྱི་མཚོ་སྔོན་དང་ཁམས་ཕྱོགས་ཀྱི་ཆཱང་པ་དང་བོད་ནི་སྐད་རིགས་གཅིག་པ་དང་། ཆོས་ལུགས་གཅིག་པ། རིག་གནས་ཀྱི་ཁུངས་གཅིག་པའི་བོད་ཀྱི་ཚོ་བ་ཡིན། གཅིག་མཐུན་གྱི་རྒྱུ་རྐྱེན་དེ་དག་ཡོད་པའི་ཐོག་ཏུ་བཙན་པོའི་རྒྱལ་རབས་ཀྱིས་ཆབ་སྲིད་ཐོག་གཅིག་གྱུར་བཏང་བས་གཅིག་འདུའི་ཕུང་པོ་ཞིག་ཏུ་རང་བཞིན་གྱིས་གྲུབ་པ་ལས། ཡར་ཀླུང་སྤུ་རྒྱལ་གྱིས་དྲག་ཤུགས་སྤྱད་པར་བརྟེན་ནས་ད་གཟོད་རྒྱལ་ཁབ་ཅིག་ཏུ་གྲུབ་པ་མིན”ཞེས་དང་། “དེ་བས། བཙན་པོའི་རྒྱལ་རབས་ཀྱིས་ཆཱང་པ་དབང་འོག་ཏུ་བསྡུས་རྗེས་བོད་དུ་གྱུར་པ་རེད་ཅེས་པའི་འཆད་སྟངས་སྤྱི་བམ་པ་དེ་ནི་ལོ་རྒྱུས་ཀྱི་གནས་སྟངས་དངོས་དང་མི་མཐུན་ལ། གཟབ་ནན་མིན་པའི་འཆད་སྟངས་ཏེ‘ལྷོ་ནས་འོངས་པ’དང‘བྱང་ནས་འོངས་པ’ཡི་རྗོད་སྟངས་དེའི་གོལ་ལམ་དུ་ཚུད་པ་རེད”ཅེས་དང་། “ཚུལ་འདིར་བལྟས་ན(བཙན་པོའི་རྒྱལ་རབས་ཀྱིས་ཆཱང་པ)དབང་དུ་བསྡུས་ནས་བོད་དུ་བསྒྱུར་བའི་རྗོད་ལུགས་དེ་ནི་དུས་སྐབས་ཤིག་གི་རིང་གི་ཤོག་ཁའི་ལྟ་བ་ཙམ་ཡིན་པ་ལས་ལོ་རྒྱུས་ཀྱི་དོན་དངོས་དང་འབྲེལ་བ་མེད”ཅེས་དང་། “ང་ཚོའི་ལྟ་ཚུལ་ལྟར་ན། བོད་མི་ནི་བོད་སྐད་འཆད་པའི་ཆཱང་པ་ཡིན་ཞིང་མཚོ་བོད་མཐོ་སྒང་གི་ཡུལ་གྲུ་ཁག་ཏུ་གྲམ་པའི་གཉུག་གནས་སྐྱེ་བོ་རེད། དེ་ནི་རྒྱ་ཡིག་གི་ལོ་རྒྱུས་དེབ་ཐེར་དུ་བཀོད་པའི་རྨ་ཙོང་འབབ་རྒྱུད་དང་རྨ་ཆུའི་མགོ་ཁུངས་སོགས་སུ་ཐར་ཐོར་དུ་གནས་ཤིང་འཕེལ་བའི་ནུབ་ཆཱང་གི་ཚོ་བ་ཕལ་ཆེ་བ་དང་། བོད་ལྗོངས་ཀྱི་ཡར་ཀླུང་ནས་བྱང་ཕྱོགས་སུ་ཆབ་ཏེ་དར་བའི་སྤུ་རྒྱལ་སོགས་ཚོ་བ་ཁག་རེད། ཙང་རེན(藏人)ཞེས་པ་ནི་ཁོ་ཚོ་ཡང་བསྐྱར་ལྷན་འདྲེས་བྱུང་ནས་གྲུབ་པའི་ཐུན་མོང་གི་ཚོགས་པ‘བོད’ཅེས་པ་འདིའི་ད་ལྟའི་འགྱུར་མིང་རེད”ཅེས་གསུངས་པ་ཐུགས་མད་དོ། །
  ཆབ་ཐོག་གཅིག་གྱུར་བཏང་བའི་ངོ་བའི་སྐོར་ལ་སྐུ་ཞབས་ཧྥན་ཝུན་ལན་གྱིས《ཀྲུང་གོའི་རྒྱལ་རབས་རིམ་བྱུང་གི་ལོ་རྒྱུས》སུ་ཐང་བོད་བར་གྱི་དམག་འཁྲུག་གི་ངོ་བོ་རིགས་གསུམ་དུ་དབྱེ་ཆོག་པ་སྟེ། “(གཅིག)བོད་ཀྱིས་ཐང་གི་མངའ་ཞབས་རྒྱལ་ཁབ་ཐུ་ལུ་ཧུན་དང་། ཐང་གི་ས་ཁོངས་སུ་ཡོད་པའི་ཆཱང་རིགས་ཀྱི་འཇམ་གཅུན་ཀྲོའུ་རྣམས་མངའ་འོག་ཏུ་བསྡུས་ནས་བོད་གཅིག་གྱུར་བཟོ་བའི་དམག་འཁྲུག་གི་ངོ་བོ་ནི་དྲང་བདེན་གྱི་དམག་འཁྲུག་རེད། (གཉིས)བོད་ཀྱིས་ཐང་རྒྱལ་རབས་དང་ནུབ་ཡུལ་གྱི་དམག་སྡེ་བཞི་བརྩད་པའི་སྐོར། དམག་སྡེ་བཞི་ནི་ཐང་དང་བོད་གཉིས་ཀར་མཚོན་ནའང་རང་རང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བའི་དགོས་ནུས་དང་ལྡན་པས་རྒྱལ་ཁབ་གཉིས་ཀས་རྩོད་པ་ཟློག་ཐབས་མེད་ཅིང་། སུར་ཐོབ་སུས་ཤོར་ནི་རྒྱལ་ཁབ་གཉིས་ཀྱི་སྟོབས་ཆེ་ཆུང་གི་རྗེས་སུ་འགྲོ་ལྡོག་བྱེད། (གསུམ)བོད་ཀྱི་ཐང་གི་ཀྲོའུ་དང་རྫོང་འཕྲོག་ནས་རྒྱའི་ཡུལ་མི་བྲན་དུ་བཀོལ་བ་ནི་བཙན་འཛུལ་གྱི་རང་བཞིན་ལྡན་པའི་དམག་འཁྲུག་རེད། ཐང་རྒྱལ་རབས་ཀྱི་སྲིད་གཞུང་གི་ཕྱོགས་ནས། རང་གི་རྒྱལ་ཁམས་བདག་སྲུང་མ་ཐུབ་པར་ཡུལ་མི་རྣམས་གཞན་གྱི་བྲན་དུ་བཀོལ་བར་དེ་བས་ཀྱང་འགན་འཛོལ་གྱི་འགན་འཁུར་དགོས”ཞེས་གསུངས་ཡོད།
  ཏི་ནི་རྒྱའི་ལོ་རྒྱུས་སུ་བཀོད་པ་ལྟར་ན། རྒྱའི་ཧྲང་རྒྱལ་རབས་དང་ཀྲོའི་རྒྱལ་རབས་ཀྱི་དུས་སུ་ད་ལྟའི་ཧྲའན་ཞི་དང་། ཀན་སུའུ། སི་ཁྲོན་བཅས་སུ་འཚོ། ཆིན་སྔོན་མ་འཛུགས་མཁན་ཧྥུ་ཅན་ཞེས་པ་དང་། ལེང་ཕྱི་མ་འཛུགས་མཁན་ལུའེ་ཀོང་གཉིས་ཀྱང་རིགས་རུས་ཏི་ལ་གཏོགས། དུས་ཀྱི་འཁོར་ལོའི་འགྲོས་དང་བསྟུན་ནས་ཏིའི་ཚོ་བ་མང་པོ་རྒྱལ་ཡུལ་དུ་སྤོས་ཏེ་རྒྱའི་ཁྲོད་དུ་འཐིམས་ན་ཡང་། ལྷོ་བྱང་རྒྱལ་རབས་ཀྱི་བར་དུ་སྟེ་དུས་ཡུན་ཧ་ཅང་རིང་པོའི་ནང་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ལྷོ་རྒྱུད་དང་སི་ཁྲོན་ཞིང་ཆེན་གྱི་བྱང་རྒྱུད་དུ་ཏི་ཡི་ཚོ་བ་ཁག་སྔར་བཞིན་གནས། ཏི་ཡི་སྐོར་ལ་ལྟ་བ་མི་འདྲ་བ་སྣ་ཚོགས་ཡོད་མོད་རྒྱའི་ལོ་རྒྱུས་སུ་སྦྱིར་བཏང་དུ་ཏི་ཆཱང་ཞེས་ཏི་དང་ཆཱང་གཉིས་མཉམ་དུ་རྗོད་པ་མང་ཞིང་། ཏི་དང་ཆཱང་གི་བར་འབྲེལ་བ་ཧ་ཅང་དམ་པོ་ཡོད་ཚུལ་དངོས་ཤུགས་ཅི་རིགས་ནས་རྟོགས་ཐུབ་པ་དང་། ད་ལྟའི་མདོ་སྨད་ཤར་རྒྱུད་ཀྱི་བོད་མི་ཁག་ཅིག་གི་མེས་པོ་ཡང་ཏི་དང་འབྲེལ་བ་ངེས་ཅན་ཡོད་པར་བསམས་པ་བཅས་ལ་བརྟེན་ནས་འདིར་ཏི་ཡི་སྐོར་འགའ་ཡང་ས་བཅད་མ་སྟོངས་ཙམ་དུ་བསྒྱུར་ཡོད། གོང་སྨྲས་ཏི་རིགས་ཧྥུ་ཅན་གྱིས་བཙུགས་པའི་ཆིན་སྔོན་མ་སོགས་ནི་དབང་སྒྱུར་པ་ཏི་རིགས་ཡིན་པ་ཙམ་ལས་མངའ་ཁོངས་རྒྱ་ཡུལ་ཡིན་པ་འདིར་མ་བསྒྱུར་བ་ཡིན།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག