པར་སྐྲུན་དུས། ༢༠༡༠ ལོའི་ཟླ ༦ པའི་ཚེས ༡༤ ཉིན། དབྱི་སི་རལ་གྱི་རྒྱལ་ཁབ་བཙུགས་ནས་ཡུན་རིང་བོ་འགོར་མེད་ཀྱང་། དེ་ཉིད་ཨ་རབ་པའི་འཇིག་རྟེན་ཁྲོད་ཀྱི་ཁེར་རྐྱང་གི་ཡུལ་གྲུ་ཞིག་ནས་ཨ་རིའི་ཤར་དབུས་ལ་བཟུང་བའི་སྲིད་བྱུས་ཀྱི་ལས་ཚབ་པ་དང་ཐ་ན་ཡུལ་གྲུ་དེའི་དབུ་རྨོག་ཏུ་གྱུར་ཡོད། དབྱི་སི་རལ་གྱིས་པཱ་ལི་སི་ཐན་ལ་དྲག་པོའི་དཔུང་གི་བཙན་འཛུལ་བྱས་པ་དེར་ཨ་རབ་རྒྱལ་ཁབ་དག་དང་ནུབ་ཕྱོགས་ཀྱི་གློ་བ་ཉེ་བ་ཚོ་ཡང་མ་མགུ་བར་བྱས་ཤིང་། དབྱི་སི་རལ་རྒྱལ་ནང་གི་གཡོན་ཐལ་རིང་ལུགས་ཀྱི་ཤེས་ཡོན་པ་ཨེ་ལན་པཱ་པེ(Elan Pappe)དང་མཱར་ཀH.ཨེ་ལི་སི(Marc H. Ellis)ལྟ་བུའི་ལོ་རྒྱུས་སྨྲ་བ་གསར་མ་བ་རྣམས་ཀྱིས་ཀྱང་དོགས་པ་བྱེད་པའི་གནས་སུ་གྱར། ཁོ་ཚོས་ལོ་རྒྱུས་ཀྱི་ཟུར་ངོས་ནས་དབྱི་སི་རལ་སྲིད་གཞུང་གིས་མི་རིགས་ཤིག་ལ་འཚེ་བའི་ནག་ཉེས་ལ་དགག་རྒྱག་བྱས་ཤིང་། དབྱི་སི་རལ་དང་པཱ་ལི་སི་ཐན་གཉིས་ཞི་མཐུན་མཉམ་གནས་འོང་པར་འཆར་བཀོད་གནང་ཞིང་རྩོད་པ་ཚར་དུ་དངར་བ་བྱས། རྩོད་པ་དེ་དག་གི་ཁྲོད་སཱན་ཊི་ལགས་ཀྱི《ལྗེའུ་མི་རིགས་གསར་དུ་བཟོ་བ》ཞེས་པ་ནི་ཉེ་བའི་ལོ་འདི་དག་གི་རིང་ལ་ཆེས་རྩོད་གཞི་ཅན་གྱི་བརྩམས་ཆོས་ཤིག་ཡིན་ཏེ། འདི་ཉིད་ཧྥ་རན་སི་དང་དབྱིན་ཡིག་སོགས་སྐད་རིགས་མང་པོ་ཞིག་ལ་བསྒྱུར་ཡོད།
དཔེ་དེབ་འདིས་ལོ་རྒྱུས་ཡིག་ཚང་ལ་གཞི་བཅོལ་ནས། དེང་གི་ལྗེའུ་མི་རིགས་ནི། “མི་རིགས”ཞེས་པ་ནི་གསར་དུ་བཟོས་པ་ཡིན་ཟེར་བའི་གཏམ་སྦྱོར་ཁྲོད་རྟོག་བཏགས་བྱས་ནས་གྲུབ་པའི་སྤྱིའི་ཚོགས་པ་ཞིག་རེད་ཞེས་པའི་ལྟ་བ་བཏོན་ཡོད་ལ་ལྟ་བ་དེ་ནི་པེན་ནེ་ཊི་ཁ་ཊི་ཨན་ཏེར་སིན(Benedict Anderson)གྱི《རྟོགས་བཏགས་ལས་གྲུབ་པའི་སྤྱི་ཚོགས》(Imagined Communities, Reflections on the Origin and Spread of Nationalism)ཞེས་པ་དང་མཐུན་ཡོད། སཱན་ཊི་ཡིས་མི་རིགས་ཀྱི་གནད་དོན་ལ་བཟུང་བའི་ལྟ་བ་ནི་ཨན་ཏེར་སིན་དང་གྷེ་ལ་ནེར(Ernest Gellner)དང་འདྲ་སྟེ། ཁོ་ཚོས་དུས་རབས་བཅུ་དགུ་བའི་ཧྥ་རན་སིའི་ལོ་རྒྱུས་སྨྲ་བ་ཨེར་ནེ་སི་ཊི་རེ་ནཱན(Ernest Renan)གྱི་མི་རིགས་ཀྱི་རྣམ་བཤད་ཀྱི་རྒྱུན་བཟུང་ཡོད། ཨེར་ནེ་སི་ཊི་རེ་ནཱན(Ernest Renan)གྱིས་མི་རིགས་ཞེས་པ་ནི་ལོ་དང་ཟླ་མཐུད་པའི་ཆོས་ལུགས་དང་འཚོ་བའི་ཉམས་མྱོང་གིས་བསྐྱེད་པའི་ཐུན་མོང་གི་བརྩེ་འདང་ཞིག་ཡིན་མོད་ཀྱང་། གལ་སྲིད་ཤེས་ཡོན་པས་དེ་ཉིད་བསམ་བཞིན་ཏུ་ཡི་གེར་མ་ཕབས་ན། སྤྱིའི་ཚོགས་པ་གང་དེའི་མི་རིགས་ཀྱི་འདུ་ཤེས་འགྲུབ་ཐབས་མེད་ཞེས་པ་དེ་ཡིན།
འོན་ཏེ། འཇར་མན་གྱི་དུས་རབས18པ་ནས19བའི་བར་གྱི་མི་རིགས་གཞུང་ལུགས་སྨྲ་བའི་ཤིང་རྟ་བ་ཧེར་རྡེར(Johann Gottfried Herder)དང་ཧྥི་ཆེ(Johann Gottlieb Fichte)རྣམ་གཉིས་ཀྱིས་ནི་ལྡོག་པའི་ལྟ་བ་ཞིག་བཏོན་ཡོད་དེ། ཁོང་གཉིས་ཀྱིས་རིགས་རྒྱུད་དང་སྐད་ཡིག་གི་ཐུན་མོང་བའི་ཆ་དེ་ནི་མི་རིགས་ཤིག་གནས་མིན་གྱི་གཞི་འཛིན་ས་ཡིན་པར་སྨྲ། དུས་རབས19པར། འཇར་མར་གྱི་མི་རིགས་རིང་ལུགས་ཀྱི་ལྟ་བ་དེ“རིགས་རྒྱུད་ཀྱིས་གྲུབ་པ(jus sanguinis)”ཡིན་པར་འཛིན། འདི་ནི་རིགས་རྒྱུད་རིང་ལུགས་ཀྱི་ལྟ་བའི་སྲོལ་འབྱེད་དུ་ངོས་བཟུང་ཆོག་ལ། དེང་གི་དབྱི་སི་རལ་གྱི་རྒྱལ་ཁབ་བཙུགས་པའི་བསམ་བློའི་རྨང་རྡོ་ཟཱིའོ་ནི་རིང་ལུགས(Zionism)ཀྱང་དེ་ལས་བྱུང་། ཟཱིའོ་ནི་རིང་ལུགས་པ་ཐེའོ་ཊོར་ཧེར་ཟིལ(Theodor Herzl)གྱི་མི་རིགས་ལྟ་བའི་ཁྲོད། དེང་གི་ལྗེའུ་མི་རིགས་ནི《དམ་པའི་གསུང་རབ་རྙིང་མ》ཡི་ཁྲོད་ཀྱི་གྲུབ་པ་བཅུ་གཉིས་ལས་གཅིག་གི་རྒྱུད་པ་ལས་འཕེལ་བ་དང་། རཱོ་མ་བའི་དམག་གི་གནོད་པའི་རྐྱེན་གྱིས་རཱོ་མའི་མངའ་སྡེ་སོ་སོར་སྤྱུགས་ཤིང་། ཐ་ན་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྔོན་ལ་འཇར་མན་དང་ཡོ་རོབ་ཤར་གྱི་ཡཱི་ཊི་ཥིའི་སྐད་ཁུལ(Yiddish district)དུ་འཐོར། ཕྱོགས་མཐར་འཁྱམས་པ(Diaspora)དང་མི་ཡུར་ཆེན་མོ(Holocaust)ནི་དབྱི་སི་རལ་གྱི་མི་རིགས་སྐོར་གྱི་བཤད་རྒྱུན་དག་གི་མཚོན་བྱེད་གཙོ་བོ་ཡིན།
འོན་ཏེ། དོན་སྙིང་ལྡན་པ་ཞིག་ལ། “མི་རིགས་ཕྱོགས་མཐར་འཁྱམས་པ”ཞེས་པའི་ལོ་རྒྱུས་ཀྱི་དོན་ཆེན་འདི་གནའ་བོའི་རཱོ་མ་བའི་ལོ་རྒྱུས་ཡིག་ཚང་ཁྲོད་རྟ་རྔ་ཙམ་ཡང་མཐོང་རྒྱུ་མེད། རཱོ་མར་ཕྱིས་སུ་རྒྱལ་པོར་གྱུར་བའི་ཊི་ཏོ་སི་ཡིས་ལྗེའུ་རིགས་ཀྱི་ངོ་རྒོལ་ལ་གཉའ་གནོན་བྱས་པ་བདེན་ན་ཡང་།
འོན་ཏེ་སྔོན་ཆད་ངོ་རྒོལ་དེར་ཞུགས་པའི་ལྗེའུ་རིགས་ཀྱི་ལོ་རྒྱུས་སྨྲ་བ་ཇཱོ་སེ་ཕུ་སུ(Flavius Josephus)ཡིས་སྐབས་དེར་མི་ས་ཡ་གཅིག་ཙམ་བསད་ཟེར་བ་དང་འདི་ལ་རྩོམ་པ་པོས་རིགས་རྒྱུད་རྩ་མེད་དུ་བཏང་བ་དང་ཁྱད་མེད་མོད། འོན་ཏེ། ཇཱོ་སེ་ཕུ་སུ་དང་རཱོ་མའི་ལོ་རྒྱུས་སྨྲ་བ་དག་གིས་ཟིན་ཐོར་བཀོད་པ་ལྟར་ན་ཤུལ་ཏུ་མི་གྲངས་ཁྲི་འགའ་ལས་ལྷག་མེད་ཚུལ་བྲིས་ཡོད། དེ་ལྟར་ན་དེང་གི་ལྗེའུ་རིགས་ཀྱི་མི་གྲངས་དང་འབྲེལ་ཆགས་དཀའ་བར་གྱུར་ཡོད་ཞེས་པའི་ལྟ་བ་བཏོན་འདུག ཡང་རཱོ་མའི་སྲིད་བྱུས་ཁྲོད་ཟིང་འཁྲུག་ལ་ཞུགས་པའི་མི་རིགས་མངའ་སྡེ་གཞན་དག་ལ་སྤྱུགས་དགོས་ཞེས་ཀྱང་བཀོད་མེད། སྤྲོ་བ་ལྡན་པ་ཞིག་ནི། མི་རེ་འགས་ཐ་ན་ལྗེའུ་མི་རིགས་ཀྱི་མེས་པོ་ནི་དུས་རབས་བར་མར་ཀོ་ཀ་སོ་བྱང་ཕྱོགས་ཀྱི་ལྗེའུ་ཆོས་ལུགས་ལ་དད་པའི་ཁཱ་ཟར་བ(Khazars)རྣམས་ཡིན་པར་འདོད་དེ། ཁཱ་ཟར་བ་རྣམས་ཀྱི་རྒྱལ་ཁབ་དེ་ཀི་ཝན་རུས་པ་བ(Kievan Rus)རྣམས་ཀྱིས་བརླགས་རྗེས། དུས་རབས་བཅོ་བརྒྱད་པར་ལྗེའུ་རིགས་འདུས་སྡོད་བྱེད་སའི་ཡཱི་ཊི་ཥིའི་སྐད་ཁུལ་དུ་གནས་སྤོར་བ་རེད་ཟེར།
དུས་རབས་བཅུ་དགུ་བའི་ཟཱིའོ་ནི་རིང་ལུགས་པའི་བསམ་བློ་ལས། ང་ཚོས་ཧེར་རྡེར་དང་ཧྥེ་ཆེ་གཉིས་ཀྱི་ཤུགས་རྐྱེན་མཐོང་ཐུབ་ཏེ། ཁོ་ཚོས་ཀྱང་རིགས་རྒྱུད་དང་སྐད་ཡིག་གི“འགོ་ཁུངས”གླེང་བར་བྱེད། དེ་ལས་ལྗེའུ་རིགས་ནི་གནའ་སྔ་མོ་ནས་ད་ལ་ཐུག་གི་བར་དུ་འཕེལ་ཏེ་འོངས་ཞེས་པ་ནི་རྨང་གཞི་ལྟ་བུ་ཞིག་ཏུ་བཟུང་འདུག ཉེ་རབས་ཀྱི་ཡོ་རོབ་པའི་གླེང་ཕྱོགས་ཁྲོད་དུ་ལྗེའུ་མི་རིགས་ལ་ཨ་ཤ་ཀེ་ནཱ་ཟི་ལྗེའུ་རིགས(Ashkenazi Jews)ཟེར་ཞིང་། ཁོ་ཚོ་མང་ཆེ་ཤོས་འཇར་མན་དང་ཡོ་རོབ་ཤར་གྱི་ཡཱི་ཊི་ཥིའི་སྐད་ཁུལ་དུ་ཡོད། ཁོ་ཚོས་ཆོས་ལུགས་ཀྱི་གཞན་འགྱུར་ལ་རྒོལ་མཁན་ཞིག་ཡིན་མོད་ཀྱང་། མི་རིགས་ཀྱི་འདུ་ཤེས་གསལ་པོ་ཞིག་ཆགས་མེད། འོན་ཏེ་ཧཱེན་རིཀ་གྷ་རེ་ཏ(Heinrich Graetz)ཡིས《ལྗེའུ་མི་རིགས་ཀྱི་ལོ་རྒྱུས། སྲིད་པ་ཆགས་དུས་ནས་ད་ལ་ཐུག་གི་བར》ཞེས་པ་བྲིས་པ་ནས་བཟུང་ད་གཟོད། ཟཱིའོ་ནི་རིང་ལུགས་པ་ཧེར་ཟིལ་ལྟ་བུ་རྣམས་ཀྱི་མི་རིགས་ཞེས་པའི་རྡོག་རྡོག་ཅིག་ཡིད་ངོར་འཛིན་ཏུ་ཡོད་པའི་རྟོག་བཟོ་དེ་གྲུབ།
ལྗེའུ་མི་རིགས་ཀྱི་ཁུངས་ཤིན་ཏུ་རྙོག་འཛིང་ལྡན་པ་ཞིག་སྟེ། ལོ་རྒྱུས་ཀྱི་ཁུངས་སྣེ་ལ་བལྟས་པ་ཡིན་ན། ཧ་ལམ་ས་ཁུལ་ཐ་དད་ཅིང་ཇེའི་ཆོས་ལུགས་ལ་དད་མོས་ཡོད་པའི་རིགས་རྒྱུད་ཚོ་བ་ཁག་ལས་བྱུང་བར་སྣང་། ཁཱ་ཟར་བས་བྲིས་པའི་ཟིན་ཐོ་དང་། དེབ་འདིའི་རྩོམ་པ་པོས་དུས་རབས་བར་མར་ཨ་ཧྥེ་རི་ཁ་བྱང་ཕྱོགས་ཀྱི་ལྗེའུ་ཆོས་ལུགས་ལ་དད་མོས་ཆེ་བའི་པོ་པོར་བ་ནི་ལྗེའུ་རིགས་ཡིན་ལ། ཁོ་ཚོ་ཕྱིས་སུ་ཨ་ཧྥེ་རི་ཁ་བྱང་ཕྱོགས་ཀྱི་ཁ་ཆེ་བ་རྣམས་ཀྱིས་གནོད་འཚེ་ཕོགས། མི་རིགས་འདི་དག་ཏག་ཏག་སྤྱི་ཚོགས་ཀྱི་བས་མཐའ་རུ་དེད་ཡོད་དེ། ཟཱིའོ་ནི་རིང་ལུགས་པའི་གཏམ་སྦྱོར་ཁྲོད་ཀྱི་ལྗེའུ་མི་རིགས་རྣམས་དང་འདྲ་བར་གནོད་འཚེ་ཕོགས། དེ་བས་ན་སན་ཊི་ཡིས་རྩོད་གླེང་རང་བཞིན་ཅན་གྱི་ལྟ་ཚུལ་ཞིག་བཏོན་པ་སྟེ། ལྗེའུ་རིགས་ནི་མ་གཞིར་ཡོ་རོབ་དང་ཨེ་ཤེ་ཡ། ཨ་ཧྥེ་རི་ཀ་གླིང་གི་ས་ཕྱོགས་སོ་སོར་ཡོད་པའི་ལྗེའུ་ཆོས་ལུགས་ལ་དད་མོས་ཡོད་མཁན་ཚོའི་མི་རབས་ཕྱི་མ་རྣམས་འཕེལ་ཏེ་གྲུབ་པ་ཞིག་ཡིན་ཟེར། སན་ཊི་ཡིས་དེ་བས་ཀྱང་ལྗེའུ་ཆོས་ལུགས་ནི་ལུགས་བསྒྱུར་བའི(proselytizer)ཆོས་ལུགས་ཤིག་ཡིན་པ་ལས་དད་པ་བྱེད་མཁན་ཚོ་རང་གི་གདོད་མའི་ཆོས་ལུགས་ཤིག་མ་ཡིན་པའི་ལྟ་ཚུལ་བཏོན། ལྟ་བ་འདིས་ནི་ལྗེའུ་ཆོས་ལུགས་ཀྱི་སྲོལ་རྒྱུན་གྱི་དད་མོས་ལ་དོགས་སློང་བྱས་པ་རེད།
སན་ཊི་ཡི་བརྩམས་ཆོས་ལ་དགག་རྒྱག་བྱེད་མཁན་མི་ཉུང་བ་ཞིག་བྱུང་། ཁ་ཅིག་གིས་རྩོམ་པ་པོའི་ལྟ་བ་ནི་ལྗེའུ་རིགས་ཀྱི་རྩོམ་པ་པོ་ཀོའེ་སཊ་ལེར(Arthur Koestler)གྱིས་ཁཱ་ཟར་བའི་སྒྲུབ་བྱེད“གྲུབ་པ་བཅུ་གསུམ”བསྐྱར་དུ་བཟླས་པ་ཙམ་རེད་ཟེར་བ་དང་། ཡང་ཁ་ཅིག་གིས་སྲོལ་རྒྱུན་ལྟར་ན་ལྗེའུ་མི་རིགས་ལ་རིགས་རྒྱུད་ཀྱི་ངོས་ཐད་ནས་གཏན་འཁེལ་ཞིག་མེད་ཟེར། འོན་ཏེ། འགའ་ཞིག་སན་ཊི་ཡིས་དབྱི་སི་རལ་མི་རིགས་ཀྱི་ཁུངས་དེ“ལྷ་སྒྲུང་གི་ཉམས”ཅན་ལས“འཇིག་རྟེན་པ”ཡི་ལུགས་སུ་འབྲི་བར་འབད་ཀྱིན་པར་གདེང་འཇོག་བྱས་ཡོད། གང་ལྟར་ཀྱང་། སན་ཊི་ཡིས་རེ་ནཱན་གྱི་ལོ་རྒྱུས་ལྟ་བ་གཞིར་བཟུང་ནས་གནད་དོན་ཞིག་བཏོན་ཡོད་དེ། གལ་སྲིད། མི་རིགས་ནི་བསམ་བཞིན་ཏུ་བཟོས་པ་ཞིག་ཡིན་ན། ལྗེའུ་མི་རིགས་ཕྱོགས་མཐར་འཁྱམས་པ་དང་ཕྱིར་ཕ་ཡུལ་དུ་ལོག་པ་སོགས་ཀྱི་བཤད་རྒྱུན་ནི་བདེན་པ་མ་ཡིན་པར་མ་ཟད། བཤད་སྒྲོས་དེས་དབྱི་སི་རལ་དེང་རབས་ཀྱི་མང་གཙོའི་རྒྱལ་ཁབ་ཞིག་ཏུ་འགྱུར་བར་ཡང་ཕན་པ་མེད། དེ་བས་དབྱི་སི་རལ་གྱིས་བསྐྱར་དུ་རང་ཉིད་ལ་འགྲེལ་བཤད་བརྒྱབ་ནས། དབྱི་སི་རལ་དང་པཱ་ལི་སི་ཐན་གཉིས་ཞི་མཐུན་གྱིས་འདྲ་མཉམ་གྱི་རྒྱལ་ཁབ་གཟུག་འོས་ཞེས་པ་དེའོ༎(རྩོམ་འགན་པ། རྟ་མགྲིན)