ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

《དག་ཡིག་གསར་བསྒྲིགས》དག་བཅོས་མའི་གསལ་བཤད།

2015-04-22
   དག་ཡིག་འདི་1979ལོར་དངོས་སུ་པར་དུ་བསྐྲུན་ཏེ་པར་ཐེངས་དང་པོར་དེབ་གྲངས་70.000དཔར་བ་རྣམས་མ་འགྱངས་པར་བཀྲམ་ཚར་བས་བསྟུད་མར་བསྐྱར་དཔར་ཐེངས་མང་བྱས་ཤིང་།  ཀློག་མཁན་རྣམས་ཀྱིས་བསྔགས་བརྗོད་དང་གདེང་འཇོག་མཐོན་པོ་མཛད་པར་མ་ཟད།   སྔ་ཕྱིར་རྒྱལ་ཡོངས་དང་ཞིང་ལྗོངས་ལྔ།   ཞིང་ཆེན་ནང་ཁུལ་བཅས་ཀྱི་བྱ་དགའ་ཡང་ཐེངས་མང་བོ་ཐོབ་མྱོང་།
   ཡིན་ན་ཡང་།    དག་ཡིག་འདི་ནི“རིག་གནས་གསར་བརྗེ་ཆེན་པོ”མཇུག་མ་རྫོགས་གོང་དུ་བསྒྲིགས་པ་ཡིན་པས།   ཚིག་དོན་རེ་གཉིས་ལ་སྐབས་དེའི་ཤུགས་རྐྱེན་ཐེབས་སྲིད་པ་ནི་སྨོས་མ་དགོས་པས་རྒྱ་ཆེ་བའི་ཀློག་མཁན་རྣམས་ཀྱིས་དག་ཡིག་འདིར་བསྔགས་བརྗོད་ཀྱི་ཞར་ནས་ཚིག་དོན་རེ་གཉིས་ལ་དག་བཅོས་བྱེད་པའི་དགོངས་འཆར་ཡང་བཏོན་འདུག་གཤིས།  ང་ཚོར་སྔ་མོ་ཞིག་ནས་དག་བཅོས་དང་འཕྲི་སྣོན་བྱེད་འདུན་ཡོད་ཀྱང་རྐྱེན་སྣ་ཚོགས་ཀྱི་དབང་གིས་འཕྲོ་ལུས་སུ་གྱུར།2012ལོར་ང་ཚོས་ཀློག་པ་པོའི་དགོངས་འཆར་ལྟར་དག་བཅོས་འཕྲི་སྣོན་བྱེད་པའི་མགོ་བརྩམས་ཏེ།    པར་ཐེངས་དང་པོ་ལས་ཅུང་ཟད་འཐུས་ཚང་དུ་གཏོང་གང་ཐུབ་བྱས་པ་ཡིན།   
   དང་པོ། དག་བཅོས་འཕྲི་སྣོན་གྱི་བྱ་བའི་ཁྲོད་ནས་དག་ཡིག་གསར་བསྒྲིགས་ཀྱི་སྔར་གྱི་སྒྲིག་གཞི་མི་གཏོར་བ་དང་སྔར་གྱི་ཁྱད་ཆོས་མི་ཉམས་པའི་རྩ་དོན་ལྟར།   མི་མཁོ་བ་རེ་གཉིས་དོར།    ཉེ་བར་མཁོ་བ་ཤས་ཁ་བསྐངས།  མ་བཅོས་ན་མི་རུང་སྙམ་པ་རྣམས་དག་བཅོས་བྱས་པ་ཙམ་ལས་གཞན་རྣམས་རང་སོར་བཞག་པ་ཡིན།
   གཉིས་པ།   པར་ཐེངས་དང་པོའི་ནང་དུ་རྒྱུན་སྤྱོད་ཀྱི་ཡི་གེ་དང་འདོད་རྒྱལ་གྱི་མིང་6.800ཙམ་ཡོད་པའི་སྟེང་ལ།   ཐེངས་འདིར་930ལྷག་གསར་དུ་བསྣན། རྗེས་གྲུབ་ཀྱི་ཐ་སྙད2.500ཙམ་ཡོད་པའི་སྟེང་ལ།   ཐེངས་འདིར་960ལྷག་གསར་དུ་བསྣན་པ་རྣམས་བསྡོམས་ན།   ཧ་ལམ་མིང་དང་ཐ་སྙད1.1200ལྷག་ཡོད།  
   གསུམ་པ།   དག་ཡིག་རྣམས་སུ་བཞེད་ཚུལ་མི་འདྲ་བའི་ཡི་གེ་རྣམས་ཅིས་ཀྱང་བཞེད་ཚུལ་གཅིག་ལ་བསྟུན་དགོས་པས།  རྒྱལ་ཡོངས་ཀྱི་དཔེ་སྐྲུན་ཁང་སོ་སོའི་ཡུན་རིང་གི་བྱ་བའི་ཁྲོད་ནས་གཅིག་གྱུར་བྱུང་བ་དང་བསྟུན་པ་ཡིན།   དཔེར་ན།  པར་ཐེངས་དང་པོའི་ནང་དུ་ཐུར་དུ་འདྲིལ་དུ་འཇུག་པ་དང་།  ཕྱོགས་གཅིག་ཏུ་སྡོམ་པའམ་སྲེ་བ་གཉིས་ཀར་སྒྲིལ་ཞེས་བྲིས་འདུག་པ་ལ་ད་རེབ་སྔ་མ་ལ་བགྲིལ་དང་།    ཕྱི་མ་ལ་སྒྲིལ་ཞེས་བཅོས་པ་དང་།  པར་ཐེངས་དང་པོའི་ནང་དུ་རྩེང་ཞེས་པའི་སྐབས་སུ་དོན་ཚན་དང་པོ་ཡར་ལང་བའམ་འགྲེང་དུ་བཅུག་པའི་དོན་དོར་ཏེ་དོན་ཚན་གཉིས་པ་རང་སོར་བཞག་པ་ལྟ་བུའོ།།
   བཞི་པ།   མིང་གཅིག་དོན་མང་བོ་ལ་འཇུག་པའི་ཡི་གེ་ཁ་ཤས་ཀྱི་དོན་མི་ཚང་བ་དག་ཁ་སྣོན་བྱེད་གང་ཐུབ་བྱས་ཡོད།   དཔེར་ན།   པར་ཐེངས་དང་པོའི་ནང་དུ་རྡིག་ཅེས་པའི་ཡི་གེའི་མཆན་འགྲེལ་དུ་ནང་ནོར་གྱི་དོན་གཅིག་པུ་ལས་མེད་ཀྱང་ད་རེབ་ཇ་སོགས་སྐོལ་བྱེད་ཀྱི་བ་མའི་དོན་དང་སྒྲའི་བྱེ་བྲག་རྡིག་སྒྲ་གཉིས་ཁ་བསྐངས།   ཞོ་ཤ་ཞེས་པའི་མཆན་འགྲེལ་དུ་དོན་ཚན་གཉིས་ལས་མེད་པས།   ད་རེབ་གླ་རྔན་གྱི་དོན་དང་དཔྱ་ཁྲལ་གྱི་དོན་གཉིས་གསར་དུ་བསྣན།   འཇམ་ཞེས་པའི་ཡི་གེའི་འགྲེལ་དུ་དོན་མི་འདྲ་བ་གསུམ་ལས་བྲིས་མི་འདུག་ཀྱང་ད་ཐེངས་ཐུག་པའི་བྱེ་བྲག་གི་འཇམ་ཞེས་པ་ཁ་སྣོན་བྱས་པ་ལྟ་བུའོ།།
   ལྔ་པ།   ལས་ཚིག་གི་སྐབས་སུ་བྱེད་པོ་གཞན་འབྲེལ་ཡིན་མིན་གྱི་སྐོར་ལ་བཞེད་ཚུལ་མི་འདྲ་བ་བྱུང་ཚེ་ཕལ་ཆེ་བ་དག་ཡིག་གསར་བསྒྲིགས་ཀྱི་ལུགས་ལྟར་མ་བསྒུལ་བར་བཞག་ཡོད།
   དྲུག་པ།   པར་ཐེངས་དང་པོའི་ནང་དུ་བོད་ཡིག་གི་ཤད་ཀྱི་ཚབ་ལ་སྐབས་དེའི་ཐག་བཅད་ལྟར་ཡིག་རིགས་གཞན་ལས་དྲངས་པའི་ཚིག་རྟགས(。)དང་། མཚམས་རྟགས(,)ང་།   འབྱེད་རྟགས(;)སོགས་དོར་ཏེ་བོད་ཡིག་གི་ཤད་ཁོ་ན་བཀོལ་བ་ཡིན།
   བདུན་པ།   ཟུར་བཀོད་ཀྱི་རེའུ་མིག་ལས་སྤྱི་ལོ་དང་རབ་བྱུང་གི་རེའུ་མིག་ཏུ་རབ་བྱུང་དང་པོ་ནས་རབ་བྱུང་བཅུ་དྲུག(1027-1986)གི་བར་མ་གཏོགས་མེད་པས་ད་ཐེངས་རབ་བྱུང་གཉིས(1027-2106)གསར་དུ་ཁ་སྣོན་བྱས་པ་ཡིན།
   དག་ཡིག་འདི་དག་བཅོས་དང་པར་ཞུ་བྱེད་པའི་དུས་ཚོད་ཐུང་ཞིང་ང་ཚོའི་ཆུ་ཚད་དང་ཉམས་མྱོང་ཞན་པའི་དབང་གིས་སྐྱོན་དང་ནོར་འཁྲུལ་ཡོད་སྲིད་པས་ཀློག་མཁན་རྣམས་ཀྱིས་རིན་ཆེན་ལྟ་བུའི་དགོངས་འཆར་གནང་བར་ཞུ།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག