ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

བོད་ལྗོངས་མི་རིགས་སློབ་གླིང་གི་མིང་བོད་ལྗོངས་མི་རིགས་སློབ་ཆེན་དུ་བསྒྱུར་འདུག

2015-07-01 པདྨ།
   མཐོ་རྒྱུགས་རེ་ཞུའི་རེའུ་མིག་སྐོང་བཞིན་པའི་སློབ་གྲོགས་དག་གིས་དོ་སྣང་དགོས་རྒྱུར།  བོད་ལྗོངས་མི་རིགས་སློབ་གླིང་ཞེས་པ་དེ་དངོས་སུ་བོད་ལྗོངས་མི་རིགས་སློབ་ཆེན་ལ་བསྒྱུར་ཡོད་འདུག  གནས་ཚུལ་འདི་ནི་གསར་འགོད་པས་ཚེས 30 ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ནས་ཤེས་རྟོགས་བྱུང་བ་རེད་འདུག
   བོད་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས 30 ཉིན་ཞིབ་འཇུག་བྱས་མཐར། ཀྲུང་གུང་བོད་ལྗོངས་མི་རིགས་སློབ་ཆེན་ཨུ་ཡོན་ལྷན་ཁང་དང་ཀྲུང་གུང་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འཛུགས་རྒྱུར་མོས་མཐུན་ཐོབ་ཅིང་། དེས་བོད་ལྗོངས་མི་རིགས་སློབ་ཆེན་ཏང་སྲིད་ཚན་ཁག་དེ་དངོས་སུ་ལས་ཁུངས་གསར་པ་ལྟར་འཁོར་རྒྱུག་བྱས་པ་མཚོན་ཡོད་པ་རེད།
   བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་མི་རིགས་སློབ་གླིང་གི་མིང་བསྒྱུར་བ་དེ་ནི་སློབ་གསོ་པུའུ་ཡིས་འདི་ལོའི་ཟླ་བ་བཞི་པར་ཆོག་མཆན་གནང་བ་ཞིག་ཡིན་འདུག་ལ། མིང་བསྒྱུར་དོན་ནི་སློབ་གྲྭའི་མ་འོངས་པའི་ཕུགས་ཀྱི་འཕེལ་རྒྱས་ཀྱི་ཆེད་དུ་ཡིན་འདུག
   བོད་ལྗོངས་མི་རིགས་སློབ་གླིང་ནི་བོད་ལྗོངས་ཀྱི་སློབ་ཆེན་ཐོག་མ་ཡིན་ཏེ། 1951 ལོར་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། བོད་ལྗོངས་ས་གནས་དེ་གའི་མི་རིགས་ལས་བྱེད་པ་གསོ་སྐྱོང་བྱ་ཆེད། ཀྲུང་གོ་སྲིད་གཞུང་གིས་བོད་ལྗོངས་ནང་སའི་སློབ་གྲྭ་བསྒྲུབས་ཏེ་བོད་རིགས་གཞོན་ནུ་རྣམས་ནང་སར་བསྐྱལ་ནས་གསོ་སྐྱོང་བྱ་རྒྱུ་ཐག་བཅད་པ་རེད། 1958 ལོའི་ཟླ 9 པར། ཧྲའན་ཤིས་ཞན་དབྱང་བོད་སྤྱིའི་སློབ་གྲྭ་སློབ་འགོ་ཚུགས་པ་དང་།  1965ལོར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་བོད་སྤྱིའི་སློབ་གྲྭ་མིང་བོད་ལྗོངས་མི་རིགས་སློབ་གླིང་དུ་བསྒྱུར། 1979 ལོར། བོད་ལྗོངས་མི་རིགས་སློབ་གླིང་བོད་འདིར་དེང་རབས་ཀྱི་མཐོ་རིམ་སློབ་གསོའི་ལོ་རྒྱུས་ཐོག་དངོས་གཞིའི་ཚན་ཁག་གི་ཆེད་ལས་སློབ་ཁྲིད་པ་དང་པོར་གྱུར། སློབ་གྲྭ་བཙུགས་ནས་ལོ 57 འཁོར་བའི་རིང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་མཁོ་བའི་ཤེས་ལྡན་མི་སྣ་ཁྲི་ཕྲག་འགའ་གསོ་སྐྱོང་བྱས་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག