ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

སྒེར་གྱི་ཚོང་ཁང་གིས་བཏེགས་པའི་སློབ་སྒྲུབ་ས་ཚུགས་སྐྱོང་མཁན་བུད་མེད་དགེ་རྒན།

2014-12-26 བཀྲ་འདུལ།

  ཟླ ༡༢ པའི་ཚེས ༢༠ ཉིན། གསར་འགོད་པ་མཚོ་འཕགས་མཐོ་ཚད་སྨི ༣༢༠༠ ཡོད་པའི་མཚོ་སྔོན་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་གི་པེ་ཀྲང་གྲོང་རྡལ་གྱི་ཆང་ཉིན་གྲོང་སྡེའི་སློབ་སྒྲུབ་ས་ཚིགས་སུ་སོང་། ༢༠༠༨ ལོར། ཆང་ཉིན་གྲོང་སྡེའི་སྔོན་ཆད་ཀྱི་སློབ་ཆུང་དེ་ནི་སློབ་གསོའི་བཅའ་བཀོད་ལེགས་སྒྲིག་བྱེད་སྐབས་མེད་པར་བཟོས། ༢༠༡༢ ལོར། ཆང་ཉིན་གྲོང་སྡེའི་ལས་བྱེད་དང་སྡེ་བའི་ནང་གི་རྒན་པ་ཁ་ཤས་ཀྱིས་ཁ་པར་བཏང་ནས། ལོ་བཅུ་ལྷག་རིང་དུ་བོད་ཡིག་ཚབ་ཁྲིད་དགེ་རྒན་གྱི་ལས་ཀ་སྒྲུབ་མྱོང་བའི་གཡང་མོ་སྐྱིད་གདན་འདྲེན་ཞུས་པ་དང་། ཁོ་མོ་ནི་གྲོང་སྡེ་དེའི་བྱིས་པ་ཚོའི་སློབ་གཙོར་གྱུར་བ་རེད། གཡང་མོ་སྐྱིད་ཀྱིས་རང་ཉིད་ལ་ཚོང་ཁང་ཆུང་ཆུང་ཞིག་ཡོད་པ་དེ་ལ་བརྟེན་ནས། ལོ་རེར་ཡོང་འབབ་སྒོར་ཁྲི ༣ ནས ༤ བར་ཡོད་པ་ཡིས་སློབ་སྒྲུབ་ས་ཚིགས་དེར་འགྲོ་སོང་བཏང་སྟེ། ཚབ་ཁྲིད་དགེ་རྒན་གསུམ་ཡོད་པར་གླ་ཕོགས་བྱིན། ད་སྔ་སློབ་སྒྲུབ་ས་ཚིགས་དེར་སློབ་སྔོན་འཛིན་གྲྭ་ནས་ལོ་རིམ་གཉིས་པའི་བར་དུ་བསྡོམས་པས་སློབ་མ ༢༤ ཡོད། ཆང་ཉིན་གྲོང་སྡེའི་སྡེ་ཨུ་ལྷན་ཚོགས་ཀྱི་ཧྲུའུ་ཅི་འབྲུག་རྩེ་རྒྱལ་གྱིས། སྡེ་བའི་ནང་དུ་སློབ་སྒྲུབ་ས་ཚིགས་ཞིག་ཡོད་པས་ཧ་ཅང་སྟབས་བདེ་རེད། དེ་མིན་ན་སྤྱི་ལེ ༢༠ ལྷག་ཡོད་པའི་ཤང་གྲོང་རྡལ་ཐོག་ཏུ་བྱིས་པ་སློབ་གྲྭར་སྐྱེལ་དགོས། ཁ་ཆར་འབབ་པའི་གནམ་གཤིས་དང་འཕྲད་ཚེ་དེ་ལས་ཀྱང་དཀའ་ཁག་ཆེ་བ་རེད། གྲོང་རྡལ་གྱི་སློབ་གྲྭར་བཅའ་སྡོད་བྱས་ནས་སློབ་སྦྱོང་བྱས་ཚེ། བྱིས་པ་ཚོ་ཆུང་དྲགས་པས་སེམས་མི་བདེ་བ་རེད་ཅེས་བརྗོད།

  སློབ་ཁང་ཆུང་ཆུང་ཞིག་གི་ནང་དུ། ངོ་གདོང་གྲང་རེག་གིས་དམར་བོར་གྱུར་བའི་བྱིས་པ་ཚོས་ནན་ཏན་གྱིས་སློབ་ཁྲིད་ལ་ཉན་ཡོད། འོན་ཀྱང་སློབ་ཁང་ནང་གྲང་ངར་ཆེ་དྲགས་པས། བྱིས་པ་ཚོས་སྐབས་སྐབས་སུ་རང་གི་ཁ་རླངས་ཀྱིས་ལག་པ་སྲོ་བཞིན་འདུག ཁོ་ཚོར་གཅེས་སེམས་འབུལ་མཁན་གྱིས་ཞལ་འདེབས་ཕུལ་བའི་རྡོ་སོལ་ཅུང་ཙམ་ཡོད་པ་ནི། གྲོན་ཆུང་བྱས་ནས་ལོ་གཉིས་རིང་དུ་ལྡེང་ཐུབ་པ་བྱེད་དགོས་ཞེས་བཤད། 

  དངོས་གྲུབ་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ད་ལོའི་མཐར་ཕྱིན་སློབ་མ་ཡིན། ༢༠༡༤ ལོའི་ཟླ ༦ པར་སློབ་སྔོན་སློབ་གསོའི་ཆེད་ལས་ནས་མཐར་ཕྱིན་རྗེས་གཡང་མོ་སྐྱིད་ཀྱིས་སློབ་སྒྲུབ་ས་ཚིགས་སུ་ཚབ་ཁྲིད་དགེ་རྒན་དུ་བསྡུས། སློབ་སྒྲུབ་ས་ཚིགས་ལ་མལ་ཁྲི་ཆེན་པོ་གཅིག་ལས་མེད་པས། ཚབ་ཁྲིད་དགེ་རྒན་ཀྱང་ཚང་མ་བུད་མེད་ཡིན་དགོས་པ་རེད། “ངའི་རེ་བ་ནི་སློབ་གྲྭ་ཡིས་ར་སྐོར་ཞིག་རྩིག་ཐུབ་ན་འདོད་བཞིན་ཡོད། ར་སྐོར་ཡོད་ན་མ་མཐའ་ཡང་སློབ་ཁྲིད་སྐབས་སུ་ཕྱུགས་ཟོག་ནང་དུ་འཛུལ་མི་ཐུབ་པ་མ་ཟད། ར་སྐོར་ནང་དུ་མེ་ཏོག་སོགས་ཀྱང་བཏབ་ཆོག”ཅེས་དངོས་གྲུབ་ཀྱིས་དེ་ལྟར་བཤད། སྤྱོད་ཁང་ཡག་པོ་ཞིག་རྩིག་པའི་དགོས་པའང་ཧ་ཅང་ཆེ། དངོས་གྲུབ་ནི་ད་ལྟ་སློབ་སྒྲུབ་ས་ཚིགས་དེའི་རྒྱ་ཡིག་དགེ་རྒན་ཡིན། ཁོ་མོས་སློབ་མ་ཚོར《ཁ་བའི་ནང་གི་རི་མོ་བ་ཆུང་ཆུང》ཞེས་པའི་སློབ་ཚན་སློབ་ཁྲིད་བྱེད་བཞིན་འདུག “སློབ་གསོའི་འཆར་བཀོད་ཁྲོད་ཀྱི་སློབ་སྒྲུབ་ས་ཚིགས”མིན་པའི་སྟབས་ཀྱིས། འགྲོ་སོང་གི་ཡོང་ཁུངས་ཅི་ཡང་མེད། གཡང་མོ་མཚོས་རང་ཉིད་ཀྱི་ཚོང་ཁང་ཆུང་ཆུང་གི་ཡོང་འབབ་ལས་ཚབ་ཁྲིད་དགེ་རྒན་གསུམ་ལ་ཟླ་རེར་སྒོར ༢༠༠༠ གི་གླ་ཕོགས་སྟེར་བཞིན་མཆི།  ཚོང་ཁང་དུ་སྐབས་ལ་ལར་ཚོང་མི་ཡག་པས། ཚབ་ཁྲིད་དགེ་རྒན་ལ་གླ་ཕོགས་སྟེར་བའི་དུས་ཚོད་འགོར་འགྱངས་བྱེད།

  སློབ་གྲྭའི་སློབ་སྒྲུབ་སྒྲིག་ཆས་ཧ་ཅང་ཐབས་ཆག་རེད་མོད། འོན་ཀྱང་གཡང་མོ་སྐྱིད་དང་མོས་བསྡུས་པའི་ཚབ་ཁྲིད་དགེ་རྒན་གསུམ་གྱི་ཉལ་ཁང་དང་ཐབ་ཚང་། གཞུང་ལས་ཁང་བཅས་མཉམ་དུ་སྤྱོད་པའི་ཁང་མིག་གཅིག་ཡོད་པ་དེའི་ནང་དུ། མདོག་ཤོར་བའི་ཤིང་གི་དཔེ་སྒྲོམ་ཞིག་ཡོད་ལ། དཔེ་སྒྲོམ་དེ་ནི་ལོ་བཅུ་ཕྲག་ཁ་ཤས་ཀྱི་ཡར་སྔོན་དུ་སྡེ་བ་དེའི་ཡིག་ཚགས་འཇོག་ས་ཡིན། དེའི་ཐོག་ཏུ་བྱིས་པའི་དཔེ་ཆ་དང་རྩེད་ཆས་སོགས་བཞག་ཡོད། དེ་དག་ཚང་མ་ནི་གཅེས་སེམས་འབུལ་མཁན་གྱིས་བསྐུར་ཡོང་བ་རེད། ཁོམ་སྐབས་ཡོད་དུས་གཡང་མོ་སྐྱིད་ཀྱིས་དེ་དག་བདག་བྱེད་ཀྱི་ཡོད།

  སློབ་ཁང་ནང་དུ་གྲང་ངར་ཆེ་བས། བྱིས་པ་ཚོའི་ངོ་གདོང་དང་ལག་པ་དམར་པོར་འགྱུར་ཞིང་། སྣ་ཆུའང་དབང་མེད་དུ་བཞུར་གྱིན་འདུག སློབ་མ་ཚོའི་སློབ་དེབ་ཚང་མ་ནི་གཡང་མོ་སྐྱིད་ཀྱིས་ཤང་གྲོང་རྡལ་དཀྱིལ་སྙིང་སློབ་གྲྭ་ནས་བསླངས་ཡོང་བ་རེད། 

  གཡང་མོ་སྐྱིད་ཀྱིས་བརྗོད་དོན། ༢༠༡༢ ལོའི་ཟླ ༣ པར། ཐོག་དང་པོར་ཆང་ཉིན་གྲོང་སྡེར་ཡོང་བའི་སྐབས་སུ། བྱིས་པ་མང་པོ་ཞིག་གིས་རང་ཁྱིམ་ནས་སྒོ་ཕྱུགས་འཚོ་བཞིན་འདུག དེའི་རྗེས་སུ་ཁོ་མོས་གྲོང་སྡེའི་སྨན་ཁང་གི་ཁང་མིག་གཉིས་དང་གྲོང་སྡེ་ཨུ་ལྷན་གྱི་ཁང་བ་གཡར་ནས་སློབ་སྒྲུབ་ས་ཚིགས་བཙུགས་ཏེ་སློབ་ཁྲིད་བྱེད་འགོ་བརྩམས། སྐབས་དེར་སློབ་མ་ཆེས་ཆེ་བ་ལོ ༡༠ དང་ཆེས་ཆུང་བ་ལོ ༧ ཡིན་ལ། བསྡོམས་པས་སློབ་མ་བཅུ་ལྷག་ཡོད། “ཚང་མ་ལོ་རིམ་དང་པོ་ཡིན། རིག་གནས་ཆུ་ཚད་ཕལ་ཆེར་གཅིག་འདྲ་ཡིན་པས། མཉམ་དུ་འཛིན་གྲྭ་གཅིག་བཙུགས་པ་ཡིན”ལོ་འདི་དག་རིང་དུ་སློབ་སྒྲུབ་ས་ཚིགས་དེ་རུ་སློབ་མ་ཇེ་མང་དུ་གྱུར་བས། གཡང་མོ་སྐྱིད་ཀྱིས་སློབ་སྔོན་འཛིན་གྲྭ་དང་ལོ་རིམ་དང་པོ། ལོ་རིམ་གཉིས་པ་བཅས་སུ་བགོས་ནས་སློབ་ཁྲིད་བྱེད་དགོས་བྱུང་བ་རེད། 

  ཆ་རྐྱེན་ཧ་ཅང་དཀའ་སྡུག་ཆེ་ནའང་། བྱིས་པ་ཚོར་སློབ་སྦྱོང་གི་འདུན་པ་དྲག་པོ་འདུག

  སློབ་ཁང་ནང་གི་གྲང་ངར་གྱིས་སྔར་བཞིན་བྱིས་པ་ཚོའི་སེམས་ཤུགས་གཅོག་ཐུབ་མེད། ངལ་གསོའི་སྐབས་སུ། བྱིས་པ་ཚོས་ལུས་རྩལ་ཐང་ཆུང་ཆུང་དེ་ནས་རྩེད་མོ་རྩེ་བ་རེད། 

  ནང་ལོགས་ས་ཁུལ་གྱི་བྱིས་པ་ཚོས་ལུས་རྩལ་སྦྱོང་བའི་སྐབས་སུ། འདི་གའི་བྱིས་པ་ཚོས་ཞལ་འདེབས་སུ་ཕུལ་བའི་སྒྲ་སྒམ་ལ་བརྟེན་ནས་སྐོར་བྲོ་འཁྲབ་སྟེ་རང་ལུས་སུ་དྲོད་བསྐྱེད་པ་ལས་ཐབས་གཞན་མེད། སྐོར་བྲོའི་རོལ་དབྱངས་གྲགས་མ་ཐག་ཏུ། བྱིས་པ་ཚོས་སྤྲོ་དགས་ངང་མཉམ་དུ་འདུས་ཏེ་བྲོ་གར་འཁྲབ་པ་རེད།
(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག